top of page

སྐྱེས་མཆོག་ཅིག་དང་འབྲེལ་བའི་དྲན་ཐོ་འགའ།

  • •ཧོར་གཙང་འཇིགས་མེད།
  • 2015年5月12日
  • 讀畢需時 3 分鐘

ཧོར་གཙང་འཇིགས་མེད།

དང་བོ། རང་ཉིད་དང་འབྲེལ་བ།

ངས་སྤྱི་ལོ་༡༩༨༠ ལོའི་བོད་ཟླ་༡༠ ཚེས་༡༦ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཉིན་མ་གཏོགས་གྲྭ་ཆས་དང་ཁ་བཏགས་སོགས་མཐོང་མྱོང་མེད་ཅིང༌། བོད་ཀྱི་བླ་ཆེན་དང་མི་ཆེན་གང་ན་སུ་བཞུགས་ཀྱི་སྐོར་དེ་བས་ཀྱང་ཤེས་ཀྱིན་མེད། གུང་ཐང་ཁྲི་ཆེན་མཆོག་གི་གནས་ཚུལ་ཞིབ་ཕྲ་མི་ཤེས་པའང་གཅིག་མཚུངས་ཡིན། སྤྱི་ལོ་༡༩༧༠ དོན་གྲངས་སུ་ཨ་མ་དང་ཨ་ཕྱི་རྒན་མོ་སོགས་ངའི་ནང་མི་ཚོས། ཨ་ཁུ་ངག་དབང་གན་སྐྲག་ཤོར་ཡིན་པས་ཨ་ལགས་ཚང་ལ་སྐོར་ཞིག་རྒྱག་ཏུའང་འགྲོ་ཐུབ་ཀྱིན་མི་འདུག་ཅེས་ལྐོག་ཤུབ་ལྟ་བུ་བྱེད་ཀྱིན་ཡོད་པ་ལན་དུ་མར་ཐོས་ཀྱང༌། ཕྱིས་བླ་བྲང་ལ་སོང་ནས་མ་གཏོགས་འཆར་སྣང་སྤྱི་བམ་ཙམ་ལས་ནང་མིའི་སྐད་ཆ་དེ་དག་གི་གོ་དོན་དངོས་གནས་ཤེས་རྟོགས་འབྱུང་མ་ཐུབ། ཨ་ཁུ་ངག་དབང་ནི་བདག་གི་མི་རབས་གོང་མའི་ཞང་ཚན་དུ་གཏོགས་པ་ཞིག་ཡིན་ལ། སྨན་རྩིས་སོགས་རིག་གནས་དུ་མ་ལ་སྦྱངས་པ་མི་དམན་པ་ཡོད་ཅིང༌། གུང་ཐང་བསྟན་པའི་སྒྲོན་མེའི་ཕྱག་བྲིས་ཀྱི་རྒྱུན་བཞུགས་པས་གུང་ཐང་དྲུང་ཡིག་ཏུ་བསྐོས་པར་གྲགས། ཡིག་འབྲུ་རེ་རེའི་དབྱིབས་གཟུགས་འབྲི་ཚུལ་གྱི་དཔེ་མཚོན་དང་བཅས་པའི་ཁྲིད་རྒྱུན་བཞུགས་པས་བྲིས་ཚུགས་ཤིན་ཏུ་ལེགས། ཨ་ཁུ་ངག་དབང་སྙིང་སྟོབས་ཆུང་དྲགས་པས་ཡིན་ནམ། ཕྱི་གཟབ་ནང་གཟབ་བྱེད་རྒྱུ་མང་དྲགས་པས་ཡིན་ནམ་གང་ལྟར་གུང་ཐང་རིན་པོ་ཆེ་མཆོག་བཙོན་ཁང་དུ་རྒྱུན་རིང་བཞུགས་སྐབས་གསོལ་ཆས་རེ་འབུལ་དུའང་འགྲོ་མ་སྤོབས་པ་ཡིན་ཚོད། ཡིན་ནའང་ང་ལ་མཚོན་ན་ཨ་ཁུ་ངག་དབང་གི་སྟབས་ཀྱིས་སྣང་ལ་མ་ངེས་པ་ལྟ་བུའི་ངང་ཨ་ལགས་གུང་ཐང་ཚང་ཟུར་ཙམ་ཤེས་ཀྱིན་འདུག སྤྱི་ལོ་༡༩༨༡ ལོའི་ཟླ་༣ ནང་བླ་བྲང་ཚོགས་ཆེན་རྡོ་གཅལ་ར་བའི་ནང་ཐེངས་དང་བོར་ཨ་ལགས་གུང་ཐང་ཚང་མཇལ་བའི་གོ་སྐབས་ཐོབ། དེ་ནི་གཞུང་འབྲེལ་གྱི་ཚོགས་འདུ་ཞིག་རེད་ལ། ང་ལ་མཚོན་ན་ཚོགས་འདུ་དེ་ཤིན་ཏུ་སྟབས་མ་ལེགས་པའི་ཚོགས་འདུ་ཞིག་ཡིན་ཀྱང༌། སྟབས་མ་ལེགས་པའི་ཚོགས་འདུ་དེའི་ཞོར་ལ་ཨ་ལགས་གུང་ཐང་ཚང་གི་ཞལ་མཇལ་གསུང་ཐོས་པའི་གོ་སྐབས་བྱུང་བ་དེ་ནམ་ཡང་ཡིད་ནས་བརྗེད་མི་ཐུབ་པའི་དོན་དག་ཅིག་ཡིན། ཁོང་གི་སྐུ་གཟུགས་བརྗིད་ཅིང་གསུང་ངག་ཡངས་པ། ཐུགས་དཀྱེལ་ཆེ་ཞིང་ཞི་ལྷོད་ཀྱི་ཉམས་སྟབས་ལྡན་པའི་ཁྱད་ཆོས་དེ་དག་གིས་ཡིད་དབང་འཕྲོགས་ཏེ། ཞལ་མཇལ་གྱིན་མཇལ་གྱིན་མུ་མཐུད་མཇལ་འདོད་སྐྱེས་ཤིང༌། གསུང་ཉན་གྱིན་ཉན་གྱིན་ཉན་འདོད་ཇེ་ཆེར་འགྲོ། ཉིན་དེའི་ཁོང་གི་གསུང་བཤད་ལ་ལམ་རིམ་བློ་སྦྱོང་གི་ཁྲིད་རིམ་ལྟ་བུ་དང༌། འཇིག་རྟེན་མི་སྐྱའི་གཏམ་བཤད་ཀྱི་ཉིང་བཅུད་ཀྱང་འདྲེས་པ་ལྟ་བུ་ཞིག་སྟེ། བར་བར་དུ་དོན་ཆེ་ཞིང་གད་མོའང་འཆོར་བའི་གཏམ་རྒྱུད་སྣ་ཚོགས་དཔེ་མཚོན་གྱི་ཚུལ་དུ་བསྲེས་པས། ཤེས་ཡོན་ཡོད་མེད་ཀྱི་སྐྱ་སེར་སུས་ཉན་ཀྱང་རང་རང་གི་བློ་ཚོད་ལ་དཔག་པའི་སེམས་ལ་འཛིན་རྒྱུ་ཡོད་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། ལོ་ངོ་ཉི་ཤུའི་རིང་རྙིང་བ་བཞི་དང༌། ལྷ་འདྲེ་གདོན་བགེགས་ལ་འཐབ་རྩོད་དང༌། ཆོས་ལུགས་ཀྱི་སྐྱོན་མཚང་ཐེར་འདོན་གྱི་སློབ་གསོ་ཚ་ཚ་འུར་འུར་གྱིས་སྤེལ་བའི་མཇུག་འབྲས་ནི། སྲིད་ཇུས་ལྷོད་ངོ་ཤར་མགོ་ཚུགས་མ་ཐག་བོད་ཀྱི་ན་གཞོན་བརྒྱ་སྟོང་མང་བོ་འཚངས་ཀ་ཤིག་ཤིག་གི་ངང་རབ་ཏུ་བྱུང་ནས་ཆོས་སྒོར་འཇུག་གིན་ཡོད་པ་དེར་གཞུང་གིས་ཚོད་འཛིན་བྱ་འཆར་གྱི་སྲིད་ཇུས་དེའི་སྔོན་འགྲོའི་ཁྱབ་བསྒྲགས་བྱེད་དུ་མངགས་པ་ཞིག་རེད། སྐབས་དེར་ཁ་དོག་དཀར་དམར་འཛིན་གྲྭ་གཅིག་པུ་ལའང་གྲྭ་གྲངས་ཉིས་བརྒྱ་ཡས་མས་ཡོད་ཀྱང༌། ཚོགས་འདུ་དེའི་མཇུག་འབྲས་སུ་མཚན་ཉིད་གྲྭ་ཚང་ལ་གྲྭ་བ་གསར་འཇུག་པ་ཉི་ཤུ་རྩ་ལྔ་དང༌། གྲྭ་ཚང་གཞན་པ་ལྔ་བོར་གྲྭ་ཚང་རེར་གྲྭ་གསར་བཅུ་རེ། དེ་མིན་རྣམས་རང་ཁྱིམ་དུ་ལོག་དགོས་པ་བཅས་གཏན་འབེབས་བྱས། ཕྱིས་རིམ་གྱིས་ལྷོད་ཡངས་ལྟ་བུའི་ངང་ཚོགས་སུ་མ་ཚུད་པའི་གྲྭ་གཞོན་དག་མི་སྐྱའི་ཟོལ་གྱིས་རྒྱ་ཆས་གོན་ནས་སྡོད་དགོས་བྱུང་ཞིང༌། བདག་ཀྱང་དེའི་ནང་གི་གཅིག་ཡིན། གང་ལྟར་གུང་ཐང་རིན་པོ་ཆེའི་གསལ་བསྒྲགས་དེ་ནམ་རྒྱུན་གྱི་གཞུང་འབྲེལ་ཚོགས་འདུ་དྲག་ཤུགས་ལྡན་པ་དེ་འདྲ་མིན་ལ། སྲིད་ཇུས་དེའི་དགོས་པ་དང་དམིགས་ཡུལ་ཁག་གསལ་བརྗོད་ཀྱང་མ་གནང་བར། སྤྱི་ལོ་༡༩༥༨ དང་རིག་གསར་སྐབས་ཀྱི་ཆག་འཇིག་དང་དཀའ་སྡུག ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་སེམས་ལ་དྲན་པར་བྱས་ཏེ་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཆེ་བ་དང༌། སྐྱིད་སྡུག་ཅི་བྱུང་ལས་འབྲས་ལ་བསམ་དགོས་པ་སོགས་ཆོས་ཕྱོགས་ཀྱི་བསམ་བློའི་སློབ་གསོ་ལྟ་བུ་གནང་བའི་ཞོར་ལ། ཁོང་ཉིད་མི་ལོ་ཉི་ཤུ་ལྷག་གི་རིང་ལ་བཙོན་ཁང་དུ་བཞུགས་སྐབས་ཀྱི་གནས་ཚུལ་སྐྱོ་ལྷང་ངེ་བ་དུ་མ་གསུངས་པས་གྲྭ་མང་ཕལ་ཆེ་བར་མིག་ཆུ་ཤོར་བ་བྱུང༌། གང་ལྟར་དེ་ནི་སྤྱི་ལོ་༡༩༥༨ ལོའི་རྗེས་ནས་བླ་བྲང་དགོན་པའི་གྲྭ་མང་དང་ཨ་ལགས་གུང་ཐང་ཚང་གཞུང་འབྲེལ་གྱི་ཞལ་ལྷན་འཛོམས་བྱུང་བ་ཐེངས་དང་བོ་དེ་ཡིན་པ་འདྲ། སྤྱི་ལོ་༡༩༨༢ ལོའི་དབྱར་ཁར་ཁྲི་ཆེན་གུང་ཐང་རིན་པོ་ཆེས་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་དུ་རྗེའི་བསྟོད་འགྲེལ་ཆེན་མོའི་ཞལ་ལུང་གནང༌། གདན་ས་དང་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་སྟོང་ཕྲག་དུ་མ་འདུས། ལོ་ནའི་བབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཞན་པ་སོགས་ཀྱི་དབང་གིས་བསྟོད་འགྲེལ་གྱི་བསྟན་དོན་ཟབ་མོ་ཁག་གོ་མ་ཐུབ་ཀྱང༌། སྐབས་སྐབས་སུ་ཁོང་གི་མཛད་རྣམ་གྱི་དུམ་བུ་འགངས་ཆེན་རེ་དང༌། སྤྱོད་འཇུག་དང་བློ་སྦྱོང་གི་གནད་ལ་སྦྱར་ཏེ་དཔེ་མཚོན་གྱི་གཏམ་རྒྱུད་དགོད་བྲོ་ཞིང་ངུ་ཡང་བྲོ་བ་མང་བོ་གསུངས་པ་ད་ལྟའང་སེམས་ངོ་ན་གསལ་བོར་གནས། ལོ་དེའི་སྤྱི་ཟླ་༩ ཚེས་༢༣ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཐེངས་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས། གུང་ཐང་རིན་པོ་ཆེ་ཆིབས་ཞབས་སུ་ཡོད་པ་མཇལ་ཞིང༌། ཁོང་རྣམ་པ་ལྷན་རྒྱས་ཀྱིས་བླ་བྲང་གྱོ་ཐོག་མའི་ཡང་སྟེང་དུ་རིགས་གྲྭའི་ཤྭ་འཆམ་དང་སེང་འཆམ་ལ་གཟིགས་བཞིན་པའི་སྐུ་པར་དུ་མའང་སྣང༌། དེ་ནས་ཟླ་ངོ་གཉིས་ལྷག་གི་རིང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་བཀོད་ལྟར་སྐུ་ཞབས་སུ་འབྲངས་ཏེ། མཛོད་དགེ་དང༌། རྔ་བ། འབར་ཁམས། སི་ཁྲོན་ཁྲིན་ཏུ་སོགས་བརྒྱུད་དེ་པེ་ཅིང་བར་ཕེབས་སྐྱེལ་ཞུས། དེ་ནས་རེ་ཞིག་ཕེབས་ལམ་སོགས་སུ་རྒྱང་མཇལ་ལྟ་བུ་ལས་གཞན་ཨ་ལགས་ཚང་མཇལ་བ་གསལ་བོར་མི་དྲན། ཁོང་བཙོན་གྲོལ་ཐོབ་མ་ཐག་པ་ནས་ཚ་ཚ་འུར་འུར་ལྟ་བུའི་ངང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་སོགས་ཀྱི་མཚན་གནས་དུ་མ་ཞིག་འབུལ་བཞིན་ཡོད་སྟབས་ནམ་རྒྱུན་བླ་བྲང་དགོན་ནང་དུ་རྒྱུན་བཞུགས་གནང་མ་ཐུབ་པས་རྒྱུན་མཇལ་ཞུ་ཁག་པོ་འདུག སྤྱི་ལོ་༡༩༨༥ ལོའི་ཟླ་༡༡ པའི་ནང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོ་གསར་འཛུགས་མཛད་སྒོའི་སྐབས། ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་མཐོ་རིམ་ལས་བྱེད་པ་མང་བོ་སླེབས་ཏེ་གཏམ་བཤད་ངར་ཤུགས་ཅན་བྱས། ཀུན་མཁྱེན་རིན་པོ་ཆེས་མཚན་འཛིན་སློབ་སྤྱིའི་མཚན་གནས་བཞེས་ཡོད་སྟབས་གཏམ་བཤད་གནང་ཞིང༌། ཨ་ལགས་གུང་ཐང་ཚང་གིས་ཀྱང་མཚན་འཛིན་སློབ་སྤྱི་གཞོན་པའི་མཚན་གནས་བཞེས་ཡོད་སྟབས་ཚོགས་འདུའི་མཇུག་ཙམ་ལ་གཏམ་བཤད་གནང༌། ཉིན་དེར་རྒྱ་རིགས་ལས་བྱེད་པ་མང་སྟབས་རྒྱ་སྐད་ཀྱི་ལམ་ནས་གཏམ་བཤད་གནང་སོང༌། རྫོང་ཁག་བཅུ་གྲངས་ནས་ཡོང་བའི་དགེ་སློབ་དང་ལས་བྱེད་རྣམས་ཨ་ལགས་ཚང་གི་རྒྱ་ཡིག་རྒྱ་སྐད་ཀྱི་གནས་ཚད་ལ་ཧ་ལས། རྒྱ་སྐད་ཀྱི་སྒྲ་གདངས་ཤིན་ཏུ་ཚད་ལྡན་ཡིན་པ་ཙམ་དུ་མ་ཟད། བར་བར་དུ་རྒྱའི་གཏམ་དཔེ་མང་བོ་དྲངས་ཤིང༌། གནད་འགག་འགའ་ཞིག་གི་ཐད་མའོ་ཙེ་ཏུང་དང༌། མར་ཁེ་སི་སོགས་ཀྱི་གསུང་ཚིག་དུམ་བུ་རེ་རྒྱབ་རྟེན་ལྟ་བུར་དྲང་གིན་གཏམ་བཤད་རྒྱས་པ་ཞིག་གནང༌། དེ་བདག་ལ་མཚོན་ན་ཨ་ལགས་གུང་ཐང་ཚང་གིས་རྒྱ་སྐད་ཀྱི་གཏམ་བཤད་གནང་བ་ཐོས་པའི་ཐོག་མ་དང་ཐ་མ་གཉི་ག་ཡིན། སྤྱི་ལོ་༡༩༨༩ ལོའི་ཟླ་༢ པའི་ཚེས་ཤར་ལ་ཨ་ལགས་གུང་ཐང་ཚང་གློ་བུར་དུ་ཕེབས་ཏེ་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་ཁྱམས་རའི་ནང་དགོན་པའི་གྲྭ་མང་ལ་ཚོགས་འདུ་བསྡུས། དེ་ནི་ཟླ་༡ ཚེས་༢༨ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཞལ་མ་བཞུགས་པའི་སྐྱོ་གནས་དང་འབྲེལ་དགོན་པ་སྤྱི་ལ་སེམས་གསོའི་ཚོགས་འདུ་ཞིག་རེད། ཁྱམས་རའི་གཡོན་ཟུར་དུ་ཁྲི་དམའ་མོ་ཞིག་བཤམས་པའི་སྟེང་བཞུགས་ཤིང༌། ལྗགས་དབུགས་ཧལ་གྱིན་ཀུན་མཁྱེན་རིན་པོ་ཆེ་དང་ཁོང་རྣམ་པ་གཉིས་པཎ་ཆེན་སྐུ་གོང་མ་རྣམས་ཀྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་རྟེན་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོར་ཕེབས་ཚུལ་དང༌། བོད་གངས་ཅན་གྱི་བླ་ཆེན་དཔོན་ཆེན་མ་ཚང་བ་མེད་པ་ཞལ་ལྷན་ཅིག་འཛོམས་པའི་སར་པཎ་ཆེན་རིན་པོ་ཆེས་བཀའ་སློབ་ལམ་སྟོན་ཅི་གནང༌། མཛད་སྒོ་གྲུབ་སྟེ་ཁོང་རྣམ་པ་གཉིས་གནམ་ཐོག་ནས་སི་ཁྲོན་ཁྲིམ་ཏུར་འབྱོར་སྐབས་པཎ་ཆེན་རིན་པོ་ཆེ་བློ་བུར་ཞལ་མ་བཞུགས་པའི་སྐྱོ་གནས་གསན་ཚུལ། དེར་རྟེན་ཀུན་མཁྱེན་རིན་པོ་ཆེ་ཛ་དྲག་ཐོག་ཕྱིར་གཙང་དུ་ཕེབས་ཤིང༌། ཁོང་ཀུན་མཁྱེན་རིན་པོ་ཆེས་བླ་བྲང་དགོན་པར་སེམས་གསོ་བྱེད་དུ་ཕེབས་མངག་གནང་ཚུལ་སོགས་བཀའ་མོལ་གྱི་མགོ་བཙུགས། སྤྱིར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་བོད་གངས་ཅན་ལ་བཀའ་དྲིན་ཆེ་ཚུལ་དང༌། བྱེ་བྲག་ཏུ་བཀྲ་ཤིས་འཁྱིལ་དགོན་པ་ལ་བཀའ་དྲིན་ཆེ་ཚུལ། ད་རེས་ཕྱི་ནང་གི་རྐྱེན་མང་བོ་ཞིག་གི་དབང་གིས་ཁོང་ཉིད་བོད་གངས་ཅན་ལ་མ་དབང་བར་བློ་བུར་ཞིང་ཁམས་གཞན་དུ་གཤེགས་པ་དེ་བོད་གངས་ཅན་པ་སྤྱིའི་ཆག་སྒོ་ཡིན་ཚུལ་སོགས་བཀའ་མོལ་ཡིད་ཁུལ་བ་གནངས། དེ་སྐབས་ཀྱི་གསུང་བཤད་དེ་བླ་བྲང་དགོན་གཞུང་གིས་སྒྲ་འཇུག་བྱས་པ་ཡོད་ཅིང༌། ད་ལྟ་ཁོ་བོའི་ལག་ཏུའང་ཡོད། སྤྱི་ལོ་༡༩༩༠ ལོའི་བོད་ཟླ་༥ བ་སྔ་མ་ནས་མགོ་བཙུགས་ཏེ་བླ་བྲང་ཚོགས་ཆེན་འདུ་ཁང་ཆེན་མོ་ཆེན་མོ་བསྐྱར་བཞེངས་ལེགས་གྲུབ་ཀྱི་དུས་སྟོན་ཟླ་ངོ་གཅིག་ལྷག་ལ་བྱས། དེ་སྐབས་གྲྭ་ཚང་སྤྱིའི་རེ་འདུན་ལྟར་ཁྲི་ཆེན་འདི་བ་ཚོགས་ཆེན་ཁྲིར་བསྐྱར་དུ་ཕེབས། ཚོགས་ཆེན་འདུ་ཁང་གསར་བར་གྲྭ་ཚང་སྤྱི་ལ་སེམས་བསྐྱེད་མཆོད་པ་ཡིན་ནམ་ཁོང་གིས་གསུང་ཆོས་ཤིག་གནང་བ་དྲན་ཡང༌། དེ་སྐབས་དགོན་པའི་མཛད་སྒོ་དང༌། ནང་བསྟན་སློབ་གྲྭའི་སྐབས་དང་བོའི་མཐར་ཕྱིན་མཛད་སྒོ། ཕྱོགས་ཡོངས་ཀྱི་མཇལ་འགྲུལ་གཏོས་ཆེ་བ་སོགས་འུར་འུར་ཟིང་ཟིང་གི་གཡེངས་པའི་དབང་དུ་སོང་ནས་གསལ་བོར་མ་ངེས། སྤྱི་ལོ་༡༩༩༡ ལོའི་ཟླ་༣ ནང་ཨ་ལགས་གུང་ཐང་ཚང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དུ་ཕེབས། སྐབས་དེར་བདག་ཀྱང་པེ་ཅིན་དུ་ཡོད་པའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འགྲིམས་བཞིན་པས། སློབ་གྲྭ་དེའི་ཞིབ་འཇུག་འགན་འཛིན་རྔ་བ་སྒོ་མང་དགོན་པའི་ཧྭར་བ་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཚང་དང་ངེད་གཉིས་པེ་ཅིན་མཛའ་མཐུན་མགྲོན་ཁང་དུ་སོང་སྟེ་ཀུན་མཁྱེན་རིན་པོ་ཆེ་དང༌། ཨ་ལགས་གུང་ཐང་ཚང༌། ཨ་ཁུ་དམུ་དགེ་བསམ་གཏན་ཚང་གསུམ་ཆ་ལ་མཇལ་བཅར་ཞུས། ནམ་རྒྱུན་འདུས་ཚོགས་ཀྱི་ཁྲོད་དུ་གསུང་ཆོས་ཞུས་པ་ཙམ་ལས་ནང་མའི་འབྲེལ་ལམ་མེད་སྟབས་ཁོང་གིས་ང་ངོ་མཁྱེན་གྱིན་མི་འདུག གང་ལྟར་དགོང་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་མཇལ་བཅར་འཁྱུག་ཙམ་ཞུ་ཐུབ་པ་བྱུང༌། ལོ་དེའི་ཟླ་༥ བའི་ཚེས་ཤར་ལ་པེ་ཅིན་དུ་སློབ་གྲྭས་དབྱར་གནང་སྤྲད། ཕྱིར་བླ་བྲང་དུ་སླེབས་སྐབས་དགོན་གྲོང་རྣམས་སོག་པོ་ཡུལ་རྒན་དུ་ཨ་ལགས་གུང་ཐང་ཚང་གིས་དུས་འཁོར་དབང་ཆེན་གནང་རྒྱུ་ལ་བྲེལ་བ་བྱེད་ཀྱིན་འདུག བདག་ཀྱང་ཚེས་༡༢ ཉིན་ཕ་ཡུལ་གཅིག་པ་དུ་མ་དང་མཉམ་དུ་དུས་འཁོར་དབང་ཆེན་ཞུ་རུ་ཆས། དབང་ཆེན་གནང་ས་དེ་ཐོར་གོད་བཞུགས་ཁྲིའི་ཐང་དུ་འབོད་པ་དེ་རེད། བླ་བྲང་དགོན་པའི་གྲྭ་མང་དང༌། སོག་སྡེ་ཁག་གཙོ་བྱས་པའི་ཡུལ་ཕྱོགས་འདྲ་མིན་ནས་ཡོང་བའི་སྐྱ་སེར་ཁྲི་ཕྲག་དུ་མ་འདུས་པ། སྒྲ་གུར་བར་མེད་དུ་ཕུབས་པའི་བར་གསེང་ནས་ཕར་འགྲོ་ཚུར་འོང་བྱེད་དཀའ་ཞིང༌། གསང་སྤྱོད་མེད་པའི་དཀའ་ངལ་དེ་བས་ཀྱང་ཆེ། སྟ་གོན་དང་བཅས་ཉིན་གསུམ་རིང་དུས་འཁོར་དབང་མོ་ཆེ་གནང༌། ཚེས་༡༥ ཉིན་དབང་མཇུག་གི་བསྔོ་བ་དང་བསྡོངས་ཏེ་བོད་གངས་ཅན་པའི་མདུན་ལམ་ལས་དབང་དང་འབྲེལ་བའི་བཀའ་སློབ་རུས་རྐང་ཅན་མང་བོ་གསུངས། ངས་ད་དུང་ཆེས་གསལ་བོར་དྲན་པ་ཞིག་ནི། ཕ་མ་ཚོས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་དེ་གལ་ཆེན་ཡིན། སྤྱིར་བོད་ཀྱི་མི་རབས་གསར་བ་ལ་ཤེས་ཡོན་དགོས་གལ་ཆེ་བ་དང༌། ཕ་མ་ཚོས་རང་གིས་ཕྲུ་གུས་རང་གི་བླ་མི་སྒུལ་བ་ཞིག་བྱེད་དགོས་ན་ངེས་པར་དུ་སློབ་གྲྭར་བཏང་ནས་ཤེས་ཡོན་སྦྱང་དུ་འཇུག་དགོས། ད་ལྟ་ཕྲུ་གུ་ཚོ་ཟོག་རྫི་ལུག་རྫིར་གོ་བཅད་ནས་ཤེས་ཡོན་མ་སྤྲད་ན། ནམ་ཞིག་ཕྲུ་གུ་དེ་འཚར་ལོངས་བྱུང༌། ཤེས་ཡོན་མེད་པས་མི་གྲལ་དུ་མ་ཚུད་སྐབས་གཞི་ནས་རང་གི་ཕ་མས་རང་ལ་ཤ་མ་ཚ་བ་ཤེས་ཏེ་ཕ་མ་ལ་འཁང་ར་བྱེད་རྒྱུ་དང༌། ཕ་མ་ཤི་བའི་བླ་སྒུལ། ཕ་མས་ཕྲུ་གུ་གསོས་པ་དྲིན་ཆུང་དུ་འགྲོ་རྒྱུ་ལས་མེད། ཡང་ཕ་མ་ཚོས་ཕྲུ་གུར་སློབ་སྦྱོང་ཡག་པོ་ཞིག་སྤྲད། ཁོ་ཚོར་མདུན་ལམ་བཟང་བོ་ཞིག་ཐོབ་ན། ཁོང་ཚོ་འཚར་ལོངས་བྱུང་སྐབས་རང་གི་ཕ་མས་དཀའ་ཚེགས་ལ་མ་འཛེམས་པར་རང་ལ་ཤེས་ཡོན་སློབ་སྦྱོང་བཟང་བོ་འདི་འདྲ་སྤྲད་འདུག་པ་བཀའ་དྲིན་ཆེན་པོ་རེད་དྲན་ནས་ཕ་མ་ལ་དྲིན་བཟོ་ཞུ་ངེས་ཡིན་པ་སོགས་ནན་གྱིས་གསུངས་པ་དེ་ཡིན། སྤྱི་ལོ་༡༩༩༢ ལོའི་སྟོན་ཁར་བདག་རང་ཡུལ་དང་ཁ་གྱེས་པ་ནས་ཁྲི་ཆེན་འདི་བར་བསྐྱར་དུ་མཇལ་རྒྱུའི་སྐལ་བ་མ་བྱུང༌། སྤྱི་ལོ་༢༠༠༠ ལོའི་ཟླ་༣ ཚེས་༡ ཉིན་ཁོང་ཉིད་ཞལ་མ་བཞུགས་པ་ཐོས་པས་སེམས་ངལ་ཆེན་པོ་བྱུང༌། འཕྲལ་དུ་བོད་ཀྱི་དུས་བབ་ཚགས་པར་སྟེང་ཁྲི་ཆེན་མཆོག་གི་མཛད་རྣམ་གྱི་ཆ་ཤས་སྙིང་བསྡུས་ཤིག་བཀོད། སྔར་འདི་བའི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པའི་མི་མཐོ་དམན་མང་བོས་ཐུགས་རྗེ་ལེགས་གསོལ་ཡིག་ངག་གཉིས་ཐོག་ནས་བྱུང༌། ཕྱིས་འབྲས་སྤུངས་མཁན་ཁྲི་བསྟན་པ་བསྟན་འཛིན་གྱིས་རྩོམ་སྒྲིག་མཛད་པའི་འབྲས་སྤུངས་ཆོས་འབྱུང་དུའང་འདི་བའི་མཛད་རྣམ་སྔར་ཁོ་བོས་བྲིས་པ་དེ་ཉིད་ཇི་བཞིན་བཀོད་འདུག་པ་ལྟ་བུ་ནི་ཁོང་གི་བཀའ་དྲིན་གྱི་ཆ་ཤས་ཙམ་འཇལ་བའི་རེ་བ་བྱེད་ཀྱིན་ཡོད།

གཉིས་པ། སྐུ་གཞོན་དུས་ཀྱི་སྐབས།

འདི་བ་དགའ་ལྡན་ཁྲི་རབས་ལྔ་བཅུ་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་སྐུ་ཕྲེང་དྲུག་པ་ཡིན་ལ། མཚན་དངོས་ལ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་ལ་ཕྱོགས་ལས་རྣམ་རྒྱལ་དུ་འབོད། སྐུ་ཕྲེང་གཉིས་པ་འཁྲུངས་ཡུལ་གྱི་དབང་གིས་སྐུ་ཕྲེང་རིམ་བྱོན་ལ་གུང་ཐང་ཚང་དུ་འབོད་པ་བྱུང༌། སྤྱི་ལོ་༡༩༢༦ ལོའི་ཟླ་༡ ཚེས་༡༣ ཉིན་བཞག་ལྡོམ་དཔོན་པོ་སྦྱིན་པའི་སྲས་མོ་པད་དཀར་སྐྱིད་དང༌། བྱམས་མེའི་དཔོན་པོ་འཇིགས་མེད་རྡོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། རུས་རྒྱུད་འདི་མངའ་བདག་ཁྲི་རལ་གྱི་བློན་རྒྱུད་དམ། གཉའ་ཁྲིའི་རྒྱལ་རྒྱུད་དགའ་ཞེས་པའི་རུས་རྒྱུད་གང་རུང་ཞིག་དང་ཐུག་པའི་བཤད་ཚུལ་སྣང༌། ཁོང་སྟག་གི་ལོ་དང༌། སྟག་གི་ཟླ་བ། སྟག་གི་ཉི་མ། སྟག་གི་དུས་ཚོད་དེ་སྟག་བཞི་ལྡན་ཡིན་སྟབས་མཁས་དབང་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་སུ་ངོ་མཚར་བའི་དཔེ་མཚོན་དུ་བཀོད་ཅིང༌། ཡང་ཁོང་གིས་གསར་འགོད་པ་ཞིག་ལ། ཁོང་འཁྲུངས་པའི་ལོ་ཟླ་ཚེས་དུས་བཞི་ཆ་སྟག་ལ་ཁེལ་བར་མ་ཟད། ཡབ་ཡུམ་གཉིས་ཀྱི་ལོ་རྟགས་ཀྱང་སྟག་ཡིན་པར་གསུངས་འདུག་པ་ལྟར་ན་སྟག་དྲུག་ལྡན་ཡིན་འདུག ཁོང་གི་འཁྲུངས་ཚེས་སོགས་སྟག་མང་བོ་ཞིག་མཉམ་འཛོམས་བྱུང་བ་དང༌། སྐུ་ཚེའི་ནང་བོད་མི་རིགས་འདིའི་དཀའ་སྡུག་གནད་པོ་ཆེ་ཁག་ལ་འཇིགས་ཞུམ་མེད་པར་གདོང་ལེན་གནང་བ་གཉིས་ལ་སྟེས་དབང་ཙམ་ལས་འདས་པའི་འབྲེལ་བ་ཞིག་ཡོད་པའི་ཚོར་བ་འོང༌། དགུང་ལོ་བཞི་བར་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁྲི་གསོལ་མཛད། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང༌། དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་ཐུབ་བསྟན་སོགས་བསྟེན་ཏེ་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི། ཐུན་མོང་རིག་གནས་སོགས་ལ་སྦྱང་བརྩོན་མཐའ་ཆོད་པ་གནང་ནས་དགུང་གྲངས་བཅུ་དགུའི་སྟེང་དགེ་བཤེས་ཀྱི་མཚན་གནས་བཞེས། སྔ་ཕྱིར་ཤིང་བཟའ་ཚང་དང༌། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་ལས་དབང་ལུང་གི་རྒྱུན་གསན། པཎ་ཆེན་ཆོས་ཀྱི་ཉི་མ་ལས་དུས་འཁོར་དབང་ཆེན་གསན་སྐབས། པཎ་ཆེན་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་འབྲེལ་ཆོས་རྒྱུད་འདིའི་བདག་པོར་མངའ་གསོལ་མཛད། ཁོང་གིས་སྐུ་ཚེའི་ནང་དུས་འཁོར་དབང་ཆེན་ཐེངས་བཅུ་ཙམ་ལ་གནང་བ་ནི་པཎ་ཆེན་རིན་པོ་ཆེའི་ཆོས་རྒྱུད་ཀྱི་འཕྲིན་ལས་སྤེལ་བ་འདྲ། དགུང་གྲངས་སོ་གཅིག་པ་སྟེ། སྤྱི་ལོ་༡༩༥༤ ལོ་ནས་ལོ་ངོ་གསུམ་རིང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བ་མཛད། སྤྱི་ལོ་༡༩༥༦ ལོར་ཁྲི་ཟུར་སྐབས་གྲྭ་གྲངས་༤༥༠༠ ལྷག་བཞུགས་པ་ལ་གྲོ་ཕྱེ་རྒྱ་མ་ལྔ་བཅུ་རེ་དང༌། དངུལ་སྒོར་སིལ་མ་བརྒྱད་རེའི་སྐུ་འགྱེད་གནང་བ་དེ་འདྲ་སྔོན་ཆད་སུས་ཀྱང་ཕུལ་མྱོང་མེད་པར་བཤད། ཁོང་གིས་གསུང་ཆོས་ཤིག་གི་སྐབས། ང་ཆུང་དུས་ནང་ཆེན་གྱི་ཕྱག་མཛོད་དང་གཉེར་བ། དབོན་པོ་བཅས་ཀྱིས་ནང་ཆེན་ལ་རྒྱུ་མེད་རབས་དང༌། ཕེབས་བཞུད་མང་བོ་གནང་སྟེ་རྒྱུ་འཚོལ་དགོས་ཚུལ་ཁ་ནས་རྒྱུན་འདོན་ལྟ་བུ་བྱེད་ཀྱིན་ཡོད་སྟབས། ངས་ནམ་རྒྱུན་ནང་ཆེན་ལ་ལག་དངུལ་ཤིན་ཏུ་དཀོན་པོ་ཡིན་ཤག་བྱས་ནས་ཡོད་པ་ལ། སྤྱི་ལོ་༡༩༥༨ ལོར་རྒྱ་དམག་སླེབས་ནས་ནང་ཆེན་བཤིག་སྐབས་དངུལ་སྒོར་སིལ་མ་དེས་སྐྱེལ་རླངས་འཁོར་གང་བྱུང་བ་རྒྱ་གཏིང་དུ་ཁྱེར་སྐབས་ང་རང་ཧ་ལས་པ་བྱུང་ཞེས་གསུངས། ནམ་རྒྱུན་བོད་མི་དཀྱུས་མའི་སེམས་ནང་གི་དཔེ་མཚོན་མཐོ་ཤོས་དེ་ཨ་ལགས་ཁག་ཡིན་ལ། ཁང་བ་ཡག་པོ་ཞིག་མཐོང་ན་ཨ་ལགས་ཚོའི་བཞུགས་ཤག་ལ་དཔེ་འཇོག་ཅིང༌། ཟ་མ་ཞིམ་པོ་ཞིག་དང་འཕྲད་ནའང་བླ་སྤྲུལ་ཚོའི་གསོལ་ཆས་ལ་དཔེ་འཇོག གྱོན་ཆས་ཡག་པོ་ཞིག་མཐོང་ནའང་བླ་མའི་མནའ་བཟའ་ལ་དཔེ་ལེན་བྱེད། དེའི་གོ་དོན་ནི་སྔར་དགོན་གྲོང་གཉིས་དང༌། ལྷག་པར་བླ་སྤྲུལ་ཁག་དང་མང་ཚོགས་དཀྱུས་མའི་འཚོ་བའི་བར་ཧེ་བག་ཤིན་ཏུ་ཆེ་བས། བླ་སྤྲུལ་དག་གིས་ཟས་ཞིམ་ཤོས་དང་གོས་འཇམ་ཤོས་སོགས་ལོངས་སྤྱོད་ཕུན་སུམ་ཚོགས་པར་རོལ་གྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་རུང༌། དོན་དངོས་ཀྱི་གནས་ཚུལ་ནི་ང་ཚོའི་བསམ་ངོར་ཡོད་པ་ལྟར་ཡིན་པའི་ངེས་པ་མེད་པ་ཞིག་སྟེ། གུང་ཐང་ཁྲི་ཆེན་ཁོང་སྐུ་ན་ཕྲ་དུས་ཀྱི་འཚོ་བའི་དཀའ་ངལ་གསུང་དོན། ང་ཆུང་དུས་དགུན་ཁར་ཁྱམས་རའི་ནང་དཔེ་ཆ་བློ་འཛིན་བྱེད་སྐབས་ཐུལ་བ་མེད་པས་ཤིན་ཏུ་འཁྱགས། ཡོངས་འཛིན་གྱིས་ཕྱག་མཛོད་ལ་ཐུལ་བ་ཞིག་དགོས་པའི་རེ་བ་བཏོན། ཕྱག་མཛོད་ཀྱིས་ལུག་ལྤགས་སྤུ་ཧ་ཅང་རིང་བོ་ཡོད་པའི་ཐུལ་བ་ཞིག་བཟོས་ཏེ་སྤྲད་བྱུང་ཡང༌། པགས་ཐུལ་མཉེད་མི་བཟང་བ་དང་ང་རང་ལོ་ན་ཆུང་བའི་དབང་གིས་པགས་ཐུལ་ཤང་ཤང་དུ་ལངས་ནས་ལུས་སྟེང་དུ་མ་འཁྲིལ་ནས་འཁྱག་སྡུག་སེལ་མ་ཐུབ་གསུངས། ཡང༌། ནང་ཆེན་གྱི་ཕྱག་མཛོད་དང༌། གཉེར་བ་སོགས་ཀྱིས་ནམ་རྒྱུན་སྟག་གཟིག་དང༌། ཟ། གཡི་སོགས་རི་དྭགས་ཀྱི་པགས་རིགས་རྩ་ཆེན་ཁག་དང༌། འཇམ་ཚར་ཡག་ཤོས་བསྒྲུགས་པའི་སྨད་གཡོག་དང་ཐུལ་བ་རྐྱང་རྐྱང་གྱོན་གྱིན་ཡོད་རུང༌། ཡོངས་འཛིན་དང་ངེད་གཉིས་ལ་སྤྱིར་བཏང་གི་པགས་པའི་སྨད་གཡོག་ཐེབ་ཆག་དེ་འདྲ་ལས་གྱོན་རྒྱུ་རག་གིན་མེད་གསུངས། ཡང་ཁོང་གིས་གསུངས་དོན། ངས་ཁང་ཐོག་ཏུ་དཔེ་ཆ་བློ་འཛིན་བྱས་ཟིན་པ་ཁག་སྐྱོར་སྦྱོང་བྱེད་སྐབས་སྒེའུ་ཁུང་ནས། ཕྱག་མཛོད་དང་གཉེར་བ༌། ཁོང་ཚོའི་ངོ་ཤེས་གྲོགས་པོ་ཚོ་མཉམ་འཛོམས་ཀྱིས་མོག་མོག་བཟོ་བཞིན་ཡོད་པ་མཐོང་ཞིང༌། ང་མགྱོགས་པོར་ཡོངས་འཛིན་གྱི་སྐུ་མདུན་དུ་སོང་ནས་ཁོ་ཚོས་མོག་མོག་བཟོ་བཞིན་འདུག དེ་རིང་ངེད་གཉིས་ལ་མོག་མོག་རག་རྒྱུ་ཡིན་པ་འདྲ་ཞུས་ཚེ། ཡོངས་འཛིན་གྱིས་ངེད་གཉིས་ལ་མོག་མོག་ཅིག་རག་མི་འོང་གསུང་གིན་ཡོད་ལ། གསུངས་པ་ནང་བཞིན་ཡོངས་འཛིན་དང་ངེད་གཉིས་མོག་མོག་ལ་རེ་སྒུག་ཅི་ཙམ་བྱས་ཀྱང་ནམ་རྒྱུན་གྱི་ཐུག་པ་དང་བག་ལེབ་སྐམ་པོ་དེ་ཚོ་ལས་མོག་མོག་ཁོ་ཚོས་ཟོས་ཏེ་ཡོངས་འཛིན་དང་ངེད་གཉིས་ལ་སྐལ་བ་ཙམ་ཡང་མི་སྤྲོད་གསུངས། གུང་ཐང་གསེར་ཁྲིའི་བླ་བྲང་དུ་གུང་ཐང་རིན་པོ་ཆེ་ལ་ཟས་མནར་གོས་མནར་ཕོག་གིན་ཡོད་པ་དེ་ཕྱི་རོལ་གྱི་མང་ཚོགས་དཀྱུས་མ་རྣམས་ལ་མཚོན་ན་བློ་ངོར་ཤོང་དཀའ་བ་ཞིག་མ་ཡིན་ནམ།

གསུམ་པ། གུན་གསབ་མེད་པའི་ལོ་ཟླ།

སྤྱོད་འཇུག་ཆེན་མོ་ན་མི་ཚེ་ལ་གུན་གསབ་མེད་པར་དབུགས་འབྱིན་རྔུབ་ཀྱི་ཆ་རེ་རེ་བཞིན་འཆི་བའི་གྲོང་ཁྱེར་དུ་ཐག་ཇེ་ཉེར་གཏུག་གིན་ཡོད་པར་གསུངས་པ་དང་ཆ་འདྲ་བར། མི་ཞིག་ལྟོགས་སྡུག་གིས་ཉེན་བཞིན་ཚུ་ཚོད་ཉེར་བཞི་བསྐྱལ་ན་མི་ཚེའི་ནང་གི་ཆུ་ཚོད་ཉེར་བཞི་འདས་པ་ལ་གུན་གསབ་ནམ་ཡང་མི་རག སྐྱིད་དང་སྡུག་གང་གིས་ཉི་མ་གཅིག་བསྐྱལ་ཡང་ཉི་མ་དེ་ཉིད་སུས་ཀྱང་ཇེ་རིང་དུ་བཏང་ནས་གུན་གསབ་སྤྲོད་མི་ཐུབ། དེའི་གུབ་གསབ་ལ་དངུལ་གྱིས་ཀྱང་མི་ཡོང༌། གོ་གནས་ཀྱིས་ཀྱང་མི་ཡོང༌། དུས་ཚོད་ཁོ་རང་ལས་གུབ་གསབ་གཞན་གང་ཡང་མེད། དཔེ་དེ་བཞིན་གུང་ཐང་ཁྲི་ཆེན་མཆོག་འདི་བ་སྤྱི་ལོ་༡༩༥༨ ལོའི་ལོ་མགོ་ནས་སྤྱི་ལོ་༡༩༧༩ ལོའི་ལོ་མགོ་བར་མི་ལོ་ཉེར་གཅིག་བཙོན་ཞབས་སུ་འདའ་དགོས་བྱུང་བ་དེ་ལ་གུན་གསབ་ནམ་ཡང་མེད། སྤྱི་ལོ་༡༩༥༨ ལོའི་དཔྱིད་ཀར་བླ་བྲང་དགོན་པའི་གྲྭ་བ་བཞི་སྟོང་ལྷག་ཡོད་པ་རྣམས་སྡེ་ཁག་བཞིར་བགོས་ཏེ་གུང་ཐང་བླ་བྲང་དང༌། ཧོར་གཙང་ཚང་གི་བླ་བྲང་སོགས་བླ་བྲང་ཆེ་ཁག་བཞིའི་ནང་དུ་བཀག་ཉར་བྱས། དེ་དག་གི་ནང་ནས་ཉི་མ་རེ་རེ་བཞིན་འཛིན་བཟུང་གིས་རྒྱ་ནག་ལུང་ཞིས་ཞན་དང༌། ལན་ཀྲོའུ། ཕེན་ལེང༌། གད་པ་ཁྲ་སང༌། རོང་ངར་ཁོག་སོགས་སུ་ཁྲིད་ནས་ངལ་རྩོལ་སྡུག་ལས་ཡ་ང་བ་ལ་སྦྱར་ཏེ་མང་ཤོས་ལྟོགས་ཤི་ཐེབས་ཏེ་རང་ཡུལ་དུ་ལོག་ཐུབ་མེད། དེ་མིན་ཨ་ཕྱི་ཤ་མོ་སོགས་སུ་གྲྭ་གཞོན་ལྔ་བརྒྱ་ཙམ་དེད་དེ་གཏེར་ཁ་བསྔོག་ཏུ་བཅུག་པ་དང༌། གཉེན་སྒྲིག་བྱེད་དུ་བཅུག་པ་སོགས་བཙོན་པ་དངོས་ཀྱི་ནང་དུ་ཚུད་མེད་ཀྱང་། ཕྱིར་གྲྭ་སར་ལོག་མཁན་རེ་ཟུང་ལས་ལྷག་མེད། གཙོས་དང་བླ་བྲང་རྫོང་ཐོག་གི་བཙོན་ཁང་སོགས་བཙོན་ཁང་མང་བོར་བཅུག་སྟེ་ཉི་མ་རེ་རེ་བཞིན་སྲོག་ཆད་དང༌། ཚེ་བཙོན་སོགས་ཉེས་ཆད་བློས་མི་བཟོད་པ་མང་བོ་བཀའ་བའི་གནས་ཚུལ་དག་འདིར་ཞིབ་འབྲི་བྱ་རྒྱུ་མིན། འོན་ཀྱང་ཨ་ལགས་གུང་ཐང་ཚང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་གྱི་ཀ་བ་བཞི་དང༌། དངུལ་གྱི་གདུང་མ་བརྒྱད་དུ་གྲགས་པའི་ནང་གི་བླ་སྤྲུལ་ཆེ་ཁག་གི་ནང་ནས་ཀྱང་ཆེ་ཁག་ཡིན་ཀྱང༌། ཁོང་བླ་བྲང་དགོན་ནང་དུ་འཛིན་བཟུང་བྱས་མེད། རྒྱུ་མཚན་ཅི་ཡིན་གསལ་བོར་མི་ཤེས་ཀྱང༌། ཁོང་སྔོན་ཚུད་ནས་བླ་བྲང་དགོན་ནང་དུ་འཛིན་བཟུང་བྱས་ན། དགོན་གྲོང་ཡོངས་རྫོགས་ལ་དཀྲོགས་རྐྱེན་ཆེན་པོ་ཐེབས་པའི་དོགས་པ་བྱས་པ་ཡིན་ནམ་སྙམ། གང་ལྟར་སྤྱི་ལོ་༡༩༥༨ ལོའི་ཕྱི་ཟླ་༤ ནང་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁག་གི་མགོ་གཙོ་རུས་ལོའུ་ཅན། སྔར་ནས་ཁོང་གིས་ངོ་ཅུང་ཟད་ཤེས་པ་ཞིག་ཡོད་པའི་མིང་ཐོག་ནས་ཁམས་སངས་ཀྱི་ཞོར་ལ་ལས་དོན་འགའ་རེའི་ཐོག་གྲོས་མོལ་བྱེད་རྒྱུ་ཡོད་ཚུལ་བཤད་དེ་ཁོང་ཁྲིན་ཏུར་གདན་འདྲེན་ཞུས། ཞོར་དུ་གླང་ཆེན་འགྱིང་རིར་གནས་གཟིགས་གྲུབ་ནས་ཕྱིར་ཁྲིན་ཏུའུ་གྲོང་ཁྱེར་དུ་འབྱོར་སྐབས། རྒྱ་དཔོན་སྐོར་ཞིག་གིས་རྒྱུ་མཚན་ཡོད་མེད་ཀྱི་སྐད་ཆ་སྣ་ཚོགས་བཤད་དེ་མགྲོན་ཁང་ཞིག་ཏུ་ཁྲིད་དེ་བཀག་ཉར་ལྟ་བུ་བྱས། རྔ་བའི་ཕྱོགས་ཀྱི་མི་ཞིག་བཞུགས་རོགས་ཀྱི་ཚུལ་དུ་སླེབས་ཤིང༌། ཉི་མ་རེ་རེ་བཞིན་ཁོང་ཉིད་ལ་ཐུགས་འདོད་ཡོད་མེད་ལ་མ་ལྟོས་པར་གློག་བརྙན་སྣ་ཚོགས་ལ་གཟིགས་སུ་ཁྲིད། དེ་ནས་ཕྱི་མི་དང་ཐུགས་འཕྲད་གནང་དབང་མེད་པར་གྱུར། སྤྱི་ལོ་༡༩༥༨ ལོའི་ཟླ་༥ ཚེས་༢༢ ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ ཐོག་མི་ཞིག་བཞུགས་ཤག་ཏུ་སླེབས་ནས་ཁྱེད་ལ་ཁུལ་ཐོག་ནས་ཁ་པར་སླེབས་ཀྱིན་འདུག་ཅེས་བཤད། ཁོང་དོགས་ཚོར་དང་བཅས་ཕེབས་ཏེ་ཁ་པར་ལ་ཕྱག་བརྐྱངས་སྐབས་ཉེ་འཁོར་དུ་རྒྱ་མི་བཞི་ཡོད་པ་དག་མཉམ་རུབ་ཀྱིས་ཁོང་གི་ཕྱག་ལ་འཇུས་ནས་ལྕགས་སྒྲོག་བརྒྱབ། རླངས་འཁོར་དུ་བཅུག་ཅིང་ཁྲིད་ནས་ལྕགས་ཁང་ཞིག་ཏུ་བཅུག དེར་བཙོན་པ་ཁ་ཤས་ཡོད་པ་དག་ལ་ཁོང་སུ་ཡིན་གང་ཡིན་ཤེས་སུ་བཅུག་མི་ཆོག་པའི་བཙན་བཀའ་བསྡམས། སི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་འདྲི་རྟོག་ཐེངས་དུ་མར་བྱས། ཉིན་ཁ་ཤས་ཀྱི་རྗེས་སུ་ཁྱོད་ཀྱི་གནད་དོན་ཀན་སུའུ་ཞིང་ཆེན་གྱིས་ཐག་གཅོད་བྱེད་རྒྱུ་རེད་ཅེས་ཀན་སུའུ་ཞིང་ཆེན་གྱིས་བཏང་བའི་བསུ་འགུག་པ་དག་ལ་རྩིས་སྤྲོད་བྱས། འོན་ཀྱང་ཁོ་བ་ཚོས་ཁྱེར་ཡོང་བའི་སྟོད་ཐུང་དང་དོར་མ་དག་ཆུང་དྲགས་ནས་མ་ཤོང་སྟབས། རྒྱ་མིའི་ཁྲང་ཞིའི་ཟློས་གར་འཁྲབ་ཆས་ཧ་ཅང་ཆེན་པོ་ཞིག་གཡོགས་ནས་མེ་འཁོར་དུ་བཅུག་སྟེ་ལན་ཀྲོའུ་གྲོང་ཁྱེར་དུ་ཁྲིད། ལན་ཀྲོའུ་ཀྲུང་ཡོན་ཀང་ལྟ་སྲུང་ཁང་དུ་བཅུག སྡོད་གནས་རྫོབ་ཅིང་ཟ་རྒྱུ་ཞན་པ་སོགས་ཀྱི་ངང་ཆེས་དཀའ་སྡུག་གི་ལོ་ངོ་གསུམ་བསྐྱལ། ཁོང་ལན་ཀྲོའུ་ལ་འབྱོར་ཉིན་ནས་བཙོན་གྲོལ་མ་འཐོབ་བར་མཚན་དངོས་ཀྱིས་འབོད་མི་ཆོག་པར། ཨང་༢༤ བ་ཞེས་འབོད་ཀྱིན་ཡོད་འདུག་ཅིང༌། ཕྱིས་བཙོན་གྲོལ་ཐོབ་ནས་བཙོན་གྲོགས་ཁ་ཤས་ལ་ཐུག་སྐབས་ཀྱང་ཁོང་ཚོས་ཨང་༢༤ བར་འབོད་པ་ལས་ཁོང་གི་མཚན་དངོས་གནས་མི་ཤེས་པར་བཤད། སྤྱི་ལོ་༡༩༦༡ ལོའི་ཟླ་༧ ཚེས་༡ ཉིན་ཀན་སུའུ་ཞིང་ཆེན་བཙོན་ཁང་ཨང་དང་བོར་སྤོས། བཙོན་ཁང་འདི་ནི་སྔར་གྱི་ལྟ་སྲུང་ཁང་དང་བསྡུར་ན་གཙང་སྦྲ་དང་ཟ་ཆས་སོགས་ཅུང་བཟང་བ་ལྟ་བུ་ཡིན་ལ། བཙོན་ཁང་འདིར་སླེབས་པ་ནས་ཁྲི་ཆེན་མཆོག་གིས་རྒྱ་སྐད་དང་རྒྱ་ཡིག་སྦྱང་མགོ་བརྩམས། ཟླ་ངོ་དུ་མའི་ནང་རྒྱ་སྐད་བཤད་ཤེས་པར་གྱུར་ནས་མུ་མཐུད་རྒྱ་ཡིག་སྦྱངས། ཐོག་མར་བཙོན་ཁང་ནང་ལོགས་ཀྱི་ཉལ་ཁྲི་དང༌། ཉལ་ཆས། སྔས་མགོ་དང་སྔས་ཤུབས། སོ་འཁྲུད་སོ་སྨན་སོགས་ཡོད་ཚད་སྦྱངས། དེ་ནས་མིའི་ལུས་ཕུང་གི་གྲུབ་ཆ་དག་སྦྱངས་པ་སོགས་གོ་རིམ་ཡོད་ཅིང་ཞིབ་ཚགས་ལྡན་པའི་ངང་རྒྱ་ཡིག་དཔྱིས་ཕྱིན་པ་སྦྱངས། དེ་ནས་སྐབས་དེར་བཙོན་ཁང་དུ་ལྟ་ཀློག་བྱེད་ཆོག་པ་མའོ་ཙེ་ཏུང་གི་གསུང་བཏུས་ལ་སྦྱངས། ཁོང་གིས་རྒྱ་ཡིག་སྦྱངས་སྐབས་རྒྱ་ཡིག་གི་མིང་ཚིག་བསགས་པ་བོད་ཡིག་དང་ཤན་སྦྱར་བྱས་པའི་ཚིག་མཛོད་ཆེན་པོ་ཞིག་ཡོད་འདུག་ཀྱང་ད་ལྟ་དེ་ཉིད་གང་དུ་ཡོད་མེད་མ་ཤེས། འོན་ཀྱང་ཚིག་མཛོད་དེ་ནི་བོད་སྤྱིའི་ལོ་རྒྱུས་ཀྱི་གོད་ཆག་དང་མཉམ་དུ་སྐྱེས་པའི་ཚིག་མཛོད་ཅིག་ཡིན་སྟབས་རིན་ཐང་གཞལ་དུ་མེད་པའི་ལོ་རྒྱུས་ཀྱི་ཤུལ་བཞག་འགངས་ཆེན་ཞིག་ཡིན་པར་སྣང་བས། དེ་ཉིད་ཤེས་མཁན་འདྲ་ཡོད་ན་བདག་གཅེས་བྱེད་གལ་ཆེ་བའི་འབོད་བསྐུལ་ཀྱང་ཞུ་འདོད་བྱུང༌། སྤྱི་ལོ་༡༩༦༩ ལོའི་ཟླ་༡༡ ནང་ཡང་བསྐྱར་ཨང་གྲངས་༢༤ བར་མགྱོགས་མྱུར་ངང་ཅ་ལག་བསྡུ་གསོག་རྒྱག་དགོས་པའི་བཀའ་བཏང༌། ཁོང་གི་ཐུགས་ལ་ད་ཡང་གང་ཞིག་ཏུ་ཁྲིད་རྒྱུ་ཡིན་ནམ་སྙམ། ཕྱི་རོལ་མི་མཐོང་བའི་རླངས་འཁོར་ནང་མེ་མདའ་ཐོགས་པའི་གཤེད་དམག་དུ་མས་བསྐོར་ནས་ཁྲིད་པ་སྔར་དང་གཅིག་མཚུངས་ཡིན། ལ་ཐུར་མང་བོ་བརྒལ་ཏེ་མཐའ་མཇུག་ཕེན་ལེང་ས་ཁུལ་ཏེ། སྔར་བོད་ཀྱི་ལོ་རྒྱུས་ཐོག་བསིལ་ཐང་དུ་གྲགས་པའི་སར་ཡོད་པའི་ཀན་སུའུ་ཞིང་ཆེན་བཙོན་ཁང་ཨང་༤ བར་བཅུག བཙོན་ཁང་དེར་བསམ་བློ་སྒྱུར་བཀོད་ལ་དམིགས་པའི་མར་ལེ་རིང་ལུགས་ཀྱི་དཔེ་དེབ་མང་བོ་ཡོད་པ་ལས། མར་ལེ་རིང་ལུགས་ཀྱི་གསུང་རྩོམ་བདམས་བསྒྲིགས་དང༌། ལེ་ཉིན་དང་སི་ཏ་ལེན་གྱིན་གསུང་རྩོམ་ཕྱོགས་བསྒྲིགས་ཡོངས་རྫོགས་ལ་སྦྱངས་ཏེ་ཟིན་ཐོ་མང་བོ་བཀོད། རྒྱ་ཡིག་གི་གནས་ཚད་སྔར་ལས་ཡར་རྒྱས་སུ་ཕྱིན། ཉིན་ཞིག་བཙོན་ཁང་མགོ་བྱེད་དག་གིས་བཙོན་པ་རེ་རེའི་ཅ་ལག་བསྔོག་གཤེར་སྐབས་ཁོང་གི་ཟིན་བྲིས་དག་མཐོང་ནས་ངོ་མཚར་མཚར་བྱས། བཙོན་ཁང་གི་ལས་བྱེད་དག་ལ་ཤེས་ཚད་མཐོན་པོ་མེད་སྟབས་ཁོང་ཚོས་རིན་པོ་ཆེའི་ཟིན་བྲིས་ཆ་ཚང་གི་ནང་དོན་རྟོགས་མི་ཐུབ་ཀྱང༌། དེ་ནས་བཟུང་ཁོང་ལ་དམིགས་བསལ་གྱི་ལྟ་སྟངས་བཟུང་ཞིང༌། ཉིན་ཞིག་ཨང་༢༤ བ་ཁྱེད་ཀྱིས་བཙོན་པ་ཡོངས་རྫོགས་ལ་མར་ལེ་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དང་འབྲེལ་བའི་གཏམ་བཤད་བྱེད་དགོས་པའི་བཀའ་རྒྱ་བཏང༌། ཁོང་གིས་དེ་ནི་རྒྱ་ཡིག་དང་རྒྱ་སྐད་སྦྱོང་བརྡར་གྱི་གོ་སྐབས་ཤིག་ལ་དགོངས་ཏེ་ངོས་ལེན་གནང༌། གཏམ་བཤད་ཀྱི་རགས་ཟིན་ངེས་པར་དུ་རྒྱ་ཡིག་ཏུ་འབྲི་དགོས་སྟབས་ཤོག་ལྷེ་དུ་མ་ཡོད་པའི་ཟིན་བྲིས་ཤིག་བྲིས་ཏེ་གཏམ་བཤད་གནང༌། ཉིན་དེར་བཙོན་ཁང་དེར་ཡོད་པའི་བོད་རིགས་བཙོན་པ་བརྒྱ་ཕྲག་ལྷག་ཡོད་པ་དག་གིས་ཨ་ལགས་གུང་ཐང་ཚང་བཙོན་ཁང་དེར་བཞུགས་པ་ཤེས་རྟོགས་བྱུང༌། དེ་ནས་མུ་མཐུད་རྒྱ་སྐད་ཐོག་གཏམ་བཤད་ཐེངས་༥༠ ལྷག་གནང་བ་ལ་རགས་ཟིན་རྒྱ་ཡིག་ཡིག་འབྲུ་ཉིས་ཁྲི་༢༠༠༠༠ ལྷག་ཡོད་འདུག་ཀྱང་དེ་དག་ད་ལྟ་གང་དུ་ཡོད་མེད་མ་ཤེས། བཙོན་ཁང་འདིར་ཁོང་དཔེ་དེབ་དཔར་སྐྲུན་པ་དང༌། ཐེལ་ཙེ་བཟོ་མཁན། ཤིང་བཟོ། ལྷམ་བཟོ་བ་སོགས་ལས་རིགས་སྣ་ཚོགས་ལ་བཀོལ་སྤྱོད་བྱས་ཀྱང༌། ཁོང་གི་ངོས་ནས་དེ་དག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་བྱ་ཉག་ཅིག་ལ་བཟུང་ནས་སྦྱངས་བརྩོན་སྐྱོ་ངལ་མེད་པ་གནང༌། ཁོང་གིས་གཡོ་སྒྱུ་དང་སྐྱོ་ངལ་མེད་པའི་སྒོ་ནས་ངལ་རྩོལ་ཧུར་ཐག་གནང་བས་དེ་དག་གི་ལག་རྩལ་ཤིན་ཏུ་བཟང་བ་བྱུང་སྟབས་བཙོན་ཁང་གིས་ཁོང་ལ་རྒྱ་སྒོར་༡༥ དམིགས་བསལ་གྱི་གཟེངས་རྟགས་སུ་ཕུལ། གང་ལྟར་དེ་ལྟ་བུའི་ངང་མི་ལོ་ཉེར་གཅིག་འདས། ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༥༨ ལོར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་མངའ་སྡེ་གསུམ་གྱི་བོད་རིགས་རྣམས་ཀྱིས་རྒྱ་དམག་དང་གཡུལ་འཁྲུག་ཁྲག་དྲི་བྲོ་བ་ཡང་ཡང་བརྒྱབ་པའི་གསང་ཇུས་མགོ་འདོན་པ་དང༌། གསར་བརྗེ་ངོ་ལོག་པའི་ཉེས་མིང་བཙན་འགེལ་བྱས་པ་ཞིག་ཡིན་འདུག་ཀྱང༌། ཁོང་གིས་སྔ་ཕྱི་བར་གསུམ་དུ་བདེན་པ་མཐར་སྐྱེལ་གྱིས་ནག་ཉེས་དེ་རིགས་ཁས་ལེན་གནང་མེད། སྤྱི་ལོ་༡༩༩༣ ལོར་གསར་འགོད་པ་བསྟན་པ་ལྷ་མོ་བྱ་བས་ཁོང་བཙོན་འཇུག་བྱས་རྐྱེན་ཁག་བཅར་འདྲི་ཞུས་ལན་སྙིང་བསྡུས་ནི། སྤྱི་ལོ་༡༩༤༧ ལོར་རྒྱ་ནག་གོ་མིན་ཏང་སྲིད་གཞུང་གིས་ཁོང་རྒྱ་ནག་ཏུ་གདན་འདྲེན་ཞུས་པ་ལ་ངོས་ལེན་མ་གནང་བ་དང༌། དཔོན་གནས་གལ་ཆེན་ཕུལ་བའང་མ་བཞེས་པ། སྤྱི་ལོ་༡༩༤༩ ལོར་དམར་ཤོག་པས་སྲིད་དབང་བཟུང་སྐབས། ཁོང་གྲོས་ཚོགས་སུ་ཐེངས་མང་གདན་ཞུ་དང༌། ཕོགས་ཐོབ་ཧ་ཅང་ཆེན་པོ་འབུལ་རྒྱུ་སོགས་འཇམ་མཁས་བསླུ་བྲིད་ཀྱི་འཆར་གཞི་བརྩམས་པ་མཐའ་དག་ལ་ཞལ་བཞེས་མ་གནང་བའི་དབང་གིས། གཞུང་ཕྱོགས་ལ་འཁོན་འཛིན་ཆགས་ཏེ། ཁོང་སྤྱི་ལོ་༡༩༥༨ ལོའི་ཟིང་འཁྲུག་ལ་ཞལ་བཀོད་གནང་མཁན་དང༌། ཁོང་གི་གཟིམས་ཤག་ནས་སྐུད་མེད་གློག་འཕྲིན་དང༌། མེ་མདའ་ཐོན་ཚུལ་སོགས་རྫུན་བཟོ་སྣ་ཚོགས་བྱས་ཏེ་བཙོན་འཇུག་ཉེས་ཆད་ཅི་བྱས་ཀྱི་སྐོར། སྤྱི་ལོ་༡༩༩༣ ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་འདོན་ཐེངས་གསུམ་པར་གསལ་བ་ལྟར་ཡིན།

བཞི་བ། མཐའ་མཇུག་གི་ང་རོ།

སྤྱི་ལོ་༡༩༧༩ ལོའི་ཟླ་༤ ཞེས་༡༣ ཉིན་གུང་ཐང་ཁྲི་ཆེན་མཆོག་བཙོན་གྲོལ་ཐོབ། རླངས་འཁོར་དུ་བཞུགས་ནས་རང་ཡུལ་དུ་ཆས། དེ་ནི་སྤྱི་ལོ་༡༩༧༨ ལོའི་ཟླ་༡༢ པའི་ནང་དམར་ཤོག་དབུས་གཞུང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེང་གསུམ་པ་འཚོགས་པ་ནས། དབུལ་སྐྱོབ་ཕྱུག་འགྱུར་གྱི་ལམ་དུ་འགྲོ་རྒྱུ་དང༌། སྔར་གྱི་ཉེས་མེད་བཙོན་པ་ཁྲི་འབུམ་མང་བོ་ཡོད་པ་ཁག་གི་གནས་བབ་ལ་བསྐྱར་ཞིབ་བྱ་རྒྱུ་སོགས་ཅུང་གུ་ཡངས་ཀྱི་སྲིད་ཇུས་འཛིན་་མགོ་བརྩམས་པ་དང་འབྲེལ་བ་ཡོད་པ་ཡིན་ནམ་སྙམ། ཟླ་དེའི་ཚེས་༡༤ ཉིན་ཁོང་གཙོས་གྲོང་ཁྱེར་དུ་འབྱོར་ཏེ་མགྲོན་ཁང་ཨང་དང་བོར་བཞུགས། ས་གནས་བོད་རིགས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ། མི་མང་འབོར་ཆེན་མགྲོན་ཁང་གི་སྒོ་མདུན་དུ་སླེབས་ནས་མཇལ་ཁར་རེ་བ་བརྒྱབ། རིམ་གྱིས་མི་ཚོགས་ཇེ་ཆེར་སོང་ནས་གཙོས་ཁྲོམ་སྲང་དུ་ཤོང་དཀའ་བ་ལྟ་བུ་བྱུང་སྐབས། གཞུང་གི་མི་སྣ་ཡོང་སྟེ། ཁྱོད་ཀྱིས་མི་མང་བསྡུ་རུབ་བྱས་ཤིང་དངུལ་དངོས་བཙན་འཕྲོག་བྱས་མི་ཆོག་ཅེས་བཤད་སྐབས་ཁོང་གིས་གསུངས་དོན། ངས་མི་དམངས་ལ་བཙན་བཀའ་གང་ཡང་བཏང་མེད་ལ། རྒྱུ་ནོར་ཡང་འཕྲོག་མེད། ཁོང་ཚོ་རང་འགུལ་གྱིས་ང་ལ་ལྟ་རུ་ཡོང་བ་རེད། ང་དགེ་སློང་ཞིག་ལ་ཁྱིམ་མི་བུ་ཕྲུག་གསོ་རྒྱུ་མེད་པས་དངུལ་དགོས་དོན་ཡང་མེད། ངས་མི་དམངས་དང་འབྲེལ་འདྲིས་བྱས་མི་ཆོག་ན་ང་ཡང་བསྐྱར་བཙོན་ཁང་དུ་བསྐྱལ་ན་འགྲིག་གི་རེད། ཅེས་ལན་འདེབས་གནང་བས་ཁོ་བ་ཚོ་ཅི་བྱེད་འདི་བྱེད་མེད་པར་གྱུར། ཁོང་བཙོན་གྲོལ་ཐོབ་ནས་ལོ་ངོ་ལྔའི་རིང་མུ་མཐུད་གསར་བརྗེ་ངོ་ལོག་པ་དང༌། ཟིང་འཁྲུག་ཇུས་འདོན་པ་སོགས་ཉེས་མིང་གི་ཞྭ་མོ་དག་མུ་མཐུད་གཡོགས་ནས་ཡོད་ཀྱང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་དང༌། རྒྱལ་ཡོངས་སྲིད་གྲོས་འཐུས་མི་སོགས་ཀྱི་གོ་གནས་དང༌། གསར་བརྗེ་ངོ་ལོག་པ་དང༌། ཟིང་འཁྲུག་ཇུས་འགོད་པ་སོགས་ཀྱི་ཉེས་མིང་རྣམས་གཞི་གཅིག་གི་སྟེང་དུ་རྒྱུན་རིང་མཉམ་གནས་ཐུབ་པའི་སྲིད་ཇུས་དེ་འདྲ་ཡ་མཚན་པའི་གནས་སུ་སྣང༌། གང་ལྟར་སྤྱི་ལོ་༡༩༨༤ ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ནག་ཉེས་ཅི་ཡང་མེད་པའི་དཀར་འདོན་བྱས་ཚུལ་རྒྱའི་ཡིག་ཆ་དུ་མར་བཤད། འོན་ཀྱང་མི་ལོ་ཉེར་གཅིག་གི་བཙོན་འཇུག་སྡུག་ལས་མྱངས་པ་དེ་ཚིག་དུམ་དེ་ཙམ་གྱིས་གུབ་གསབ་དང་མཇུག་སྡོམ་རྒྱག་ཐུབ་པ་ཞིག་ཨེ་ཡིན་སྙམ། སྤྱི་ལོ་༡༩༧༩ ལོའི་ཟླ་༤ ཞེས་༢༠ ཉིན་ནས་ཁོང་ཀན་སུའུ་ཞིང་ཆེན་རྒན་རིམ་ལས་བྱེད་ལྟ་སྐོར་ཚོགས་པའི་མིང་ཐོག་ནས་རྒྱ་གཏིང་གི་གྲོང་ཁྱེར་དུ་མར་ལྟ་སྐོར་ལ་ཁྲིད། ལོ་དེའི་ཟླ་༡༢ པའི་ནང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་དང༌། སྤྱི་ལོ་༡༩༨༠ ལོར་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་འཐུས། སྤྱི་ལོ་༡༩༨༡ ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི་སོགས་ཀྱི་མཚན་གནས་མང་ཙམ་བརྩེགས། ཁོང་བཙོན་གྲོལ་ཐོབ་ནས་ཅང་མ་འགོར་བའི་སྐབས་ཤིག་མཛོད་དགེ་སྨད་དུ་ཕེབས། མི་ལོ་༢༡ རིང་ཞལ་གྱེས་པའི་མཐོ་བརྗིད་ཀྱི་རི་བོ་དང༌། སྔོ་ལྗང་གི་རྩྭ་ཐང༌། དྭངས་གཙང་གི་རླུངས་ཁམས། རི་སྐྱེས་མེ་ཏོག་གི་མཛེས་སྡུག་དང༌། ཞིམ་མངར་འོ་ཞོ་ཡི་རོ་བཅུད་མྱོང་བཞིན་ཐུགས་དགའ་སྐྱོ་ཟུང་འབྲེལ་དུ་འཕེལ་ཅིང༌། རྫི་ཆར་ཟིམ་ཟིམ་གྱིས་བསྟིམས་པའི་ཕ་རིའི་ནགས་ཁྲོད་དུ་ཁུ་བྱུག་ཅིག་གིས། ཀུ་ཀོ། ཀུ་ཀོ་ཞེས་གྲག་ཡོང་སྐབས་ཁོང་གི་ཞལ་རས་ལ་སྐྱོ་སྒེག་སྤྲོ་གསུམ་མཉམ་འཛོམས་ཀྱི་མདངས་དང་བཅས། ནགས་ཚལ་སྟུག་པོའི་ཁྲོད་ན། ། དམན་ཆུང་ཁུ་བྱུག་སྔོན་མོ། ། ཁྱེད་ཀྱི་གསུང་སྙན་སྒྲོག་ཚེ། ། ནམ་ཟླ་དབྱར་གྱི་མགོ་ཚུགས། ། ང་རང་བསམ་པ་འགྲུབ་སོང༌། ། འདབ་ཆགས་བྱ་ཡི་ལུས་ལ། ། ལྷ་ཡི་གསུང་སྙན་ལྡན་ཁྱོད། ། ལྷོ་མོན་ཕྱོགས་ཡོང་བས། ། སྐུ་ལ་སྙེལ་བ་མེད་དམ། ། ང་རང་བསམ་པ་འགྲུབ་སོང༌། །

སྒྲོ་ལྡན་རྨ་བྱ་གཞོན་ནུ། ། བྱ་བརྒྱའི་མཛེས་མ་ལགས་ཀྱང༌། ། མགོ་ནག་བོད་འདི་དགའ་ས། ། ཁུ་བྱུག་སྔོན་མོ་ཁྱོད་རེད། ། ང་རང་བསམ་པ་འགྲུབ་སོང༌། ། ཞེས་སོགས་ཐོལ་བྱུང་གི་སྙན་མགུར་བཞེངས་པ་ལ་གྲགས་པ་ཆེན་པོ་བྱུང་ཞིང༌། ཕྱིས་རྨ་ཆུའི་རྡུང་ལེན་པ་གྲགས་ཆེན་དཔལ་མགོན་སོགས་ཀྱིས་སྒྲ་སྙན་རྡུང་ལེན་བྱས་པ་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེ། བསྡུས་བརྗོད་ཀྱི་ལམ་ནས་བརྩམས་པའི་མགུར་ཚིག་འདི་དག་ལ་གོ་རྒྱུ་ཟབ་པར་སྣང་ཡང་སྐབས་དོན་སྒྲིབ་པར་དོགས་ནས་འགྲེལ་བཤད་ཀྱི་ངལ་བ་མ་བྱས། སྤྱི་ལོ་༡༩༨༩ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བརྩད་ཞིབ་ཚོགས་ཆུང་ཟེར་བ་བཙུགས། གུང་ཐང་རིན་པོ་ཆེ་སོགས་བོད་ཀྱི་བླ་སྤྲུལ་བགྲེས་རབས་སྐོར་ཞིག་དེའི་སློབ་སྟོན་པར་བསྐོས། ཡང་སྲིད་ཇི་ལྟར་འཚོལ་ཞིབ་སྐོར་གྱི་ཚོགས་འདུ་ཐེངས་དང་བོའི་ཐོག་གུང་ཐང་རིན་པོ་ཆེ་མཆོག་གིས་རེ་བ་དོན་ཚན་གསུམ་བཏོན་པ་ནི། ༡། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངེས་པར་དུ་ངོས་འཛིན་གནང་རྒྱུ། ༢། ཡང་སྲིད་དེ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་ཐུགས་ཐག་གཅོད་རྒྱུ། ༣། ཡང་སྲིད་གཉིས་མི་འབྱུང་བར་འབད་བརྩོན་བྱེད་རྒྱུ་བཅས་རེད། སྤྱི་ལོ་༡༩༩༥ ལོར་རྒྱལ་བ་རིན་པོ་ཆེས་པཎ་ཆེན་ཡང་སྲིད་ངོས་འཛིན་གནང་གྲུབ་མཚམས། ཡང་བསྐྱར་བོད་ཡོངས་ཀྱི་བླ་སྤྲུལ་ཁག་༨༠ བསྐོངས་འགུག་གིས་ཚོགས་འདུ་བསྡུས་ཏེ་གཞུང་གིས་པཎ་ཆེན་ཡང་སྲིད་ཞིག་བཟོ་འཆར་ལ་བླ་སྤྲུལ་ཁག་གིས་རྒྱབ་སྐྱོར་དགོས་ལུགས་བཤད་སྐབས། གུང་ཐང་རིན་པོ་ཆེས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་ཟིན་པ་ལ་ཀྲུང་དབྱང་གིས་ཆོག་མཆན་གནང་རྒྱུ་ལས། འོས་སྤྲུལ་གཞན་བཙལ་ན་བོད་མི་དམངས་ཀྱིས་ཁས་ལེན་བྱེད་རྒྱུ་མ་རེད། ཅེས་སོགས་གསུངས་པ་ལ་བརྟེན་ནས་ཁོང་ལ་སྐུ་ངལ་འོ་བརྒྱལ་མང་ཙམ་བྱུང་བར་ཐོས། དེའི་རྗེས་ནས་གུང་ཐང་རིན་པོ་ཆེ་པཎ་ཆེན་ཡང་སྲིད་དང་འབྲེལ་བ་ཡོད་པའི་ཚོགས་འདུའི་རིགས་ལ་མཉམ་ཞུགས་གནང་མེད། སྤྱི་ལོ་༡༩༩༥ ལོའི་ཟླ་༦ ཚེས་༡ ཉིན་བཀྲ་ཤིས་ལྷུན་པོར་དབུས་གཞུང་གིས་ངོས་འཛིན་བྱས་པའི་ཁྱེའུ་རྒྱལ་མཚན་ནོར་བུར་དགེ་ཚུལ་སྒྲུབ་སྐབས་གུང་ཐང་རིན་པོ་ཆེ་གདན་འདྲེན་ཞུས་ཀྱང༌། ཁོང་གིས་མཛད་སྒོ་དེར་བཅར་དགོས་ཀྱང་གཟུགས་གཞི་བདེ་མིན་གྱིས་བཅར་སྟབས་མ་འགྲིག་ཅེས་ཕྱག་བྲིས་སྟབས་བདེ་ཞིག་གནང་བ་ལས་ངོ་ཕེབས་གནང་མི་འདུག འདིའི་སྔ་སྔ་གཞུག་གཞུག་ཏུ་དོན་དག་མང་བོ་བྱུང་ཡོད་འདུག་ཀྱང་རེ་ཞིག་འཆད་སྟབས་མ་བདེ། སྤྱི་ལོ་༡༩༩༡ ལོའི་དབྱར་མགོར་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས་ཞུས་པ་ལྟར། གུང་ཐང་རིན་པོ་ཆེ་མཆོག་གིས་བླ་བྲང་སྨན་པ་གྲྭ་ཚང་གི་འདུ་ཁང་དུ་འདུས་ཚོགས་སེར་སྐྱ་སྟོང་ཕྲག་དུ་མ་ལ་མུ་ཊ་རྡོར་ཕྲེང་གི་དབང་གནང་གྲུབ་ཉིན་བོད་དོན་དང་འབྲེལ་བའི་གསུང་བཤད་ཤིན་ཏུ་འགངས་ཆེན་གནང་བའི་སྐད་འཁོར་འཚོང་འགྲེམས་ཚོང་བཀག་འགོག་བྱས། སྤྱི་ལོ་༡༩༩༤ ལོའི་བོད་ཟླ་༧ པར་བླ་བྲང་ཉེ་འཁོར་བསང་གཞུང་དུ་དུས་འཁོར་དབང་ཆེན་ཐེངས་བཅུ་བ་གནང་གྲུབ་པའི་ཉིན་འདུས་མང་ལ་གསུངས་དོན། ཁྱེད་ཚོ་མི་གྲངས་ལྔ་འབུམ་ལྷག་༥༠༠༠༠༠ ཚེགས་དཀའ་ལས་དང་འགྲོ་གྲོན་ལ་མ་འཛེམས། རང་ཁྱིམ་གྱི་ལས་ཀ་གཡུགས་ཏེ་འདིར་སླེབས་དོན་ནི་དབང་ཉན་རྒྱུ་གཅིག་པུའི་ཆེད་རེད། ངས་དབང་གནང་བའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཚེ་ཞབས་པད་བརྟན་ནས་བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་བའི་ཆེད་ཡིན། ཁྱེད་ཚོའི་ཀུན་སློང་ཡང་འདི་རང་ལ་དམིགས་དགོས། དེ་མིན་ན་ངའི་དབང་ལ་ཉན་པའང་ཉན་གོ་མ་ཆོད་པ་ཡིན། ཞེས་སོགས་གསུངས།

ལྔ་བ། རྒྱང་གཟིགས་འཆར་འགོད།

གུང་ཐང་ཁྲི་སྤྲུལ་འདི་བར་བླ་སྤྲུལ་ཆེ་ཁག་གི་མཚན་གནས་ཡོད་པ་ཙམ་མ་ཡིན་པར། གཞོན་དུས་སློབ་གཉེར་ལ་ཧུར་ཐག་གནང་བས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་ཆེན་ཁག་ལ་མཁྱེན་རྒྱ་ཡངས་ཤིང༌། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་ལེགས་པས་བཀྲ་ཤིས་འཁྱིལ་དགོན་མ་ལག་དང་བཅས་པས་གུས་བཀུར་གཞན་འགྲན་མེད་པ་ཡིན་པས་གདུལ་བྱ་དང་མཛད་འཕྲིན་འུར་ལངས་པ་ལྟ་བུ་བྱུང་བའི་སྤྱི་ཡོངས་ཀྱི་མཛད་རྣམ་ཁག་འདིར་འཆད་རྩིས་མིན། ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན། ཁྲི་ཆེན་ཁོང་དགུང་ལོ་ཉི་ཤུའི་སྐབས་ནས་བོད་ཀྱི་སྤྱི་ཚོགས་སུ་དཔལ་འབྱོར་ཡར་རྒྱས་དགོས་གལ་ཆེ་བ་གཟིགས་ནས། སྤྱི་ལོ་༡༩༥༠ ང་གྲངས་སུ་དངུལ་སྒོར་ལྔ་འབུམ་ལྷག་བཏང་སྟེ་སྐ་ཁོག་གམ་དམར་ཐང་དུ་གུང་ཐང་ཞི་བདེ་འོ་ཕྱེ་བཟོ་གྲྭ་འཛུགས་སྐྲུན་གྱིས་སྤྱི་ལོ་༡༩༥༦ ལོར་ལེགས་གྲུབ་བྱུང༌། སྤྱི་ལོ་༡༩༥༨ ལོར་ཡོད་ཚད་གཞུང་བཞེས་བཏང་བས་བཟོ་གྲྭ་འདི་ཡང་ཁོང་ལ་མ་དབང་མོད། ད་ལྟ་ཧོང་ཡོན་འོ་ཕྱེ་བཟོ་གྲྭ་ཟེར་བ་ཞིག་ཡོད་པ་དེ་སྔར་ཁོང་གིས་གསར་འཛུགས་གནང་བ་དེའི་རྒྱུན་ཡིན། སྤྱི་ལོ་༡༩༥༠ ང་གྲངས་ཏེ་བོད་རིགས་ཕལ་མོ་ཆེས་འདོད་ཆུང་ཆོག་ཤེས་བཤད་ནས་སྡོད་སྐབས། ཁོང་གིས་བོད་རང་གི་ས་ཐོག་ཏུ་འོ་ཕྱེ་བཟོ་གྲྭ་བཙུགས་པ་དེ་དོན་དག་ཆུང་ཆུང་ཞིག་མིན། བོད་ཀྱི་ལོ་རྒྱུས་ཀྱི་ཆག་སྒོ་ཡོད་ཚད་ཆབ་སྲིད་གཅིག་པུའི་དབང་གིས་བྱུང་བ་ཞིག་མ་ཡིན་པར། དཔལ་འབྱོར་ཆེས་རྗེས་ལུས་ཀྱིས་འཐུས་ཤོར་གྱི་བརྒྱ་ཆའི་ལྔ་བཅུ་ཙམ་ཟིན་ཡོད་པ་ཡིན། འཛམ་གླིང་ན་སྐད་གྲག་ལྡན་པའི་རྗེའུ་མི་རིགས་སམ། ཨོའུ་ཐའི་མི་རིགས་སུ་གྲགས་པ་དེ་ཡུལ་ལུང་གང་དུ་བསྡད་ཀྱང་འགྲན་ཟླ་མེད་པར་གྱུར་པའི་རྒྱུ་རྐྱེན་ཨང་དང་བོ་དེ་དཔལ་འབྱོར་སྒྲུབ་མཁས་པ་ཁོ་ན་ལ་རག་ལས་ཡོད། ལྷག་པར་དུ་དངོས་ཡོད་གནས་ཚུལ་དུ་ཡུལ་ལུང་གང་ཞིག་ལ་སྟོབས་ཤུགས་ཡོད་མེད་ཅེས་པའི་སྟོབས་ཤུགས་དེ་དཔལ་འབྱོར་གྱི་སྟེང་ནས་འཇོག་གིན་ཡོད། དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ན་དམག་དོན་དང་ཚན་རིག་གི་སྟོབས་ཤུགས་འབྱུང་བ་ཡིན་ལ། དམག་དོན་དང་ཚན་རིག་གི་སྟོབས་ཤུགས་ཡོད་ན། ཆབ་སྲིད་ཀྱི་སྟོབས་ཤུགས་འབྱུང་ཐུབ་པ་ཡིན། ང་ཚོ་སྒང་བ་བོད་པར་གྲགས་པའི་མི་རིགས་འདིའི་སེམས་ངོ་ན་གཏན་ཆགས་ཀྱི་ཚུལ་དུ་ཡོད་པ་ནི། འཇིག་རྟེན་ལ་སྙིང་བོ་མེད་པ་དང༌། རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ལྟ་བུ་ཡིན་རབས་ཀྱི་བསམ་བློ་ཁྱེར་ཏེ་དཔལ་འབྱོར་གྱི་དངོས་ཡོད་རིན་ཐང་ལ་ཁྱད་གསོད་ཆེན་པོ་བྱས་ཡོད་ལ། དེ་བྱས་པའི་ཉེར་ལེན་གྱིས་རང་ཡུལ་དུ་མེད་མུག་གིས་གདུངས་ཏེ་བླ་སྤྲུལ་རྣམས་རྒྱ་སོག་གི་ཡུལ་དུ་སོང་ནས་རྒྱུ་འབྱོར་འཚོལ་བའི་ལམ་ལུགས་ངན་པ་དར་འཕེལ་བྱུང་ཞིང༌། དེའི་ཞར་ཞོར་དུ་ཆབ་སྲིད་ཀྱི་སྣ་ཐག་མི་ལག་ཏུ་ཤོར་བའི་ལོ་རྒྱུས་ཀྱི་ཕམ་ཁ་བླ་ན་མེད་པ་ཐོབ་ཡོད། ངས་བཤད་འདོད་པ་ནི་གུང་ཐང་རིན་པོ་ཆེས་འོ་ཕྱེ་བཟོ་གྲྭ་བཙུགས་ནས་བོད་ཡུལ་གྱི་དཔལ་འབྱོར་དཀའ་ངལ་ཡོད་ཚད་སེལ་ཐུབ་མིན་དེ་མ་ཡིན་པར། ཁོང་གིས་སྐབས་དེ་དུས་ནས་བོད་མི་རིགས་འདི་དར་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན་ངེས་པར་དུ་དཔལ་འབྱོར་གྱི་སྟོབས་ཤུགས་དགོས་པའི་གནད་འགག་ངོས་འཛིན་གནང་བ་དང༌། གནད་འགག་མཁྱེན་རྟོགས་བྱུང་བ་ཙམ་ཡང་མ་ཡིན་པར་ལག་ལེན་གྱི་ཐོག་ཏུ་བསྐྱོད་པ་དེ་ལོ་རྒྱུས་རང་བཞིན་གྱི་མཛད་པ་རླབས་ཆེན་ཞིག་རེད་ཅེས་བརྗོད་འདོད་སྐྱེས་པ་དེ་ཡིན། དཔེར་ན་སྐབས་དེར་བོད་ཀྱི་བླ་སྤྲུལ་རེ་རེས་བླ་མ་གུང་ཐང་ཚང་ཇི་བཞིན་བོད་ཀྱི་དཔལ་འབྱོར་དཀའ་ངལ་སེལ་ཆེད་ཕྱག་ལས་རེ་བརྩམས་ཡོད་པ་ཡིན་ན། དཔལ་འབྱོར་ཐོག་རང་ཚུགས་ཐུབ་པ་ལ་ཕན་ཞིང༌། དཔལ་འབྱོར་ཐོག་རང་ཚུགས་ཐུབ་པ་ཡིན་ན་འདི་ལྟ་བུའི་ཚད་ལ་ལྷུང་ཨེ་ཡོད་ན་སྙམ། གང་ལྟར་ཁོང་བཙོན་གྲོལ་ཐོབ་ནས་ལོ་ངོ་ཉི་ལྷག་འཚོ་བཞུགས་གནང་བའི་རིང་མི་རིགས་ཀྱི་ཤེས་ཡོན་ཡར་རྒྱས་དང༌། རྩྭ་ས་རྩོད་གླེང་སོགས་ནང་འཁྲུག་ཞི་འདུམ། བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་གཏོང་ཐབས་མཛད་པ་སྟེ་ཕྱག་ལས་གཙོ་བོ་འདི་གསུམ་གྱི་ཐོག་གནང་ཡོད་པར་མཐོང༌། ཁོང་གིས་ཚོགས་འདུ་དང་གསུང་ཆོས་སོགས་མི་དམངས་འདུ་ཚོགས་ཆེ་སྐབས་ནན་གསུང་གནང་གིན་ཡོད་པ་ནི། བོད་ཡུལ་གྱི་དཔལ་འབྱོར་རྗེས་ལུས་ཀྱི་རྣམ་པ་ལ་འགྱུར་བ་གཏོང་དགོས་ན། བོད་མི་རིགས་འདི་རྒྱལ་ཁའི་ཕྱོགས་སུ་སྐྱོད་དགོས་ན། བྱིས་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ཁོ་ན་ལ་རག་ལས་པར་གསུང་གིན་ཡོད་ལ། ཞལ་ནས་གསུངས་པ་ཙམ་ཡང་མ་ཡིན་པར་ལག་ལེན་གྱི་སྟེང་ལ་བཀལ་བ་དཔེར་ན། ཁོང་གིས་མདོ་སྨད་ལྷོ་རྒྱུད་ཀྱི་སློབ་གྲྭ་དང་ཤེས་ཡོན་གྱི་གནས་སྟངས་སྐྱོ་ཞན་ཡིན་པ་ལ་གཟིགས་ནས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཟླ་༥ བའི་ནང་ཀན་ལྷོའི་བོད་རིགས་སློབ་གསོའི་ཐེབས་རྩ་ལྷན་ཚོགས་གསར་འཛུགས་ཀྱིས་མ་དངུལ་ཞལ་འདེབས་སྒོར་ཉིས་ཁྲི་གནང༌། རྨང་གཞི་དེའི་སྟེང་ཐེབས་རྩ་ཡར་རྒྱས་སུ་ཕྱིན་ཏེ་སྤྱི་ལོ་༡༩༩༤ ལོར་ཐེབས་དངུལ་སྒོར་ཁྲི་ཕྲག་༤༠ བརྒལ་པས། བོད་རིགས་གཞོན་སྐྱེས་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་མི་ཉུང་བ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་རག་གིན་ཡོད་པ་ལྟ་བུ་དང༌། དེ་བཞིན་ཁོང་སྔ་ཕྱིར་མདོ་སྟོད་སྨད་ཀྱི་ཡུལ་གྲུ་དུ་མའི་ནང་ཡོད་པའི་སློབ་གྲྭ་ཁག་ལ་གཟིགས་རྟོག་ཏུ་ཕེབས་ཏེ། སློབ་ཡོན་ཞལ་འདེབས་རྒྱ་སྒོར་ཁྲི་བཞི་བཅུ་ལྷག་གནང་བ་ལྟ་བུ། སྤྱི་ལོ་༡༩༩༤ ལོའི་བསང་གཞུང་གི་དུས་དབང་གཅིག་པུའི་སྟེང་སློབ་གསོ་ཐེབས་དངུལ་སྒོར་ཆིག་འབུམ་གནང་བ་ལྟ་བུས་མཚོན་སྔ་ཕྱིར་བོད་ཀྱི་ཤེས་རིག་ཡར་རྒྱས་ལ་ཕྱག་རོགས་གནང་བ་ཉུང་ཉུང་མིན། དེ་བཞིན་དཔལ་འབྱོར་གནས་སྟངས་སྐྱོ་བའི་བོད་རིགས་ས་ཁུལ་ཁག་ཅིག་ལ་སྨན་བཅོས་འཕྲོད་བསྟེན་ཆེད་ཞལ་འདེབས་འབོར་ཆེན་གནང་ཞིང༌། ཁོང་གི་མཛད་བབ་དེ་དག་གཞན་གྱིས་བསྔགས་བརྗོད་ཞུས་ཚེ། ངའི་དངུལ་དངོས་རྣམས་མང་ཚོགས་ཀྱི་ལག་ནས་ཡོང་བ་ཡིན་པས། སླར་མང་ཚོགས་ཀྱི་ཆེད་དུ་གཏོང་འོས་པ་ཞིག་རེད་ཅེས་ཁེངས་སྐྱུང་དང་བཅས་གསུང་གིན་ཡོད་པ་ལྟ་བུ་སྟེ། འདི་ནི་ཁོང་གིས་གཞན་ལ་རོགས་དངུལ་སྤྲད་པས་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་ཆག་ཡང་དུ་འགྲོ་བ་དང་འབྲེལ་བ་མེད་ཅིང༌། དངུལ་གྱི་ཆེད་དུ་ཐེབས་རྩ་དང་ཚོགས་པ་འཛུགས་མཁན་དེ་དག་གིས་དངུལ་འབོར་ཅུང་ཟད་རེ་ངེས་པར་དུ་གཞན་གྱི་ཆེད་གཏོང་དགོས་པ་ལྟ་བུ་ཁྲིམས་ལུགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གནང་བ་ཞིག་ཀྱང་མ་ཡིན་པར། ཆོས་ཕྱོགས་ནས་བཤད་ན་ལན་ལ་རེ་བ་མེད་པ་ཕྱིན་དྲུག་ནང་ཚན་གྱི་གཏོང་བའི་ཉམས་ལེན་གྱི་ཁོངས་སུ་འདུ་ཞིང༌། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་བོད་རིགས་ན་གཞོན་ཚོར་ཤེས་ཡོན་ཡག་པོ་ཐོབ་ཆེད་འབད་བརྩོན་བྱེད་མཁན་རང་གི་མི་རིགས་ལས་གཞན་མེད་སྟབས། ཁོང་གིས་མི་རིགས་ཀྱི་ལ་རྒྱ་དང༌། ཕུགས་རྒྱང་རིང་བོར་མི་རིགས་འདི་རང་གི་རྐང་བའི་ཐོག་ལངས་ཐུབ་མཁན་གྱི་མི་རིགས་མཚན་ཉིད་ཚང་བ་ཞིག་བཟོ་རྒྱུའི་འཆར་འགོད་ཁོ་ན་ཡིན་ནོ།།

དྲུག་པ། མཇུག་སྡོམ་དང་བསམ་ཚུལ་དུ་མ།

ཁྲི་ཆེན་མཆོག་འདི་བ་གོས་སེར་བོ་གྱོན་ནས་ཁྲི་མཐོན་མཐོན་པོའི་ཐོག་ཏུ་བསྡད་ན་བུ་སྐྱེས་པའི་སྐྱེ་གོ་ཆོད་སོང་དགོངས་མཁན་ཞིག་མིན་ལ། ཆོས་འདུལ་བའི་བཅས་ཁྲིམས་ལ་ཁ་གཡར་ནས་ཡོད་ཚད་དགག་སྟེ་ཡར་རྒྱས་ཀྱི་ལམ་ཁ་བཀག་ན་བཙུན་པར་རྩི་ཞིང༌། ཆོས་བཤའ་མ་བྱེད་མཁན་དུ་ཁས་འཆེ་སྟེ་མགོན་མེད་སྐྱབས་བྲལ་གྱི་རང་རིགས་རྣམས་ཉེས་རྡུང་བཙོན་འཇུག་སོགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷང་རུང༌། སྐུ་ལུས་ཀྱི་བ་སྤུ་ཙམ་ཡང་མི་གཡོ་བར། ཆོས་པས་སྲིད་ཀྱི་ལས་ཀ་བྱེད་མི་ཉན་ཟེར་ནས་སྤམ་མདོག་སྟོན་མཁན་ཁོང་ཚོ་དང་ཡང་མི་འདྲ་བར། ཆོས་འདུལ་བའི་བཅས་ཁྲིམས་ལ་གནས་བཞིན་དུ། རང་མི་རིགས་ཀྱི་ལས་དབང་དང་ཐོབ་ཐང་རྩོད་རྒྱུ་དེ་སྡིག་པ་ཉེས་ལྟུང་དུ་མི་བརྩི་བར་མ་ཟད། ཉམ་ཐག་པའི་མི་རིགས་འདིའི་མདུན་ལམ་བདེ་སྐྱིད་ཀྱི་ཆེད་དུ་ཁེ་ཉེན་ཆེ་བའི་ཕྱག་ལས་རླབས་ཆེན་ལ་ཐུགས་སྤྲོ་བཞིན་འཇུག་པའི་ཁྱད་ཆོས་དྲུག་ལྡན་གྱི་སྟག་དམར་ཡག་ཁོང༌། ལ་རྒྱ་དང་སྤོབས་པའི་འཛུམ་དྲུག་གི་འོད་མདངས་ཁྲ་ལྷམ་ལྷམ་ངང་སྤྱི་ལོ་༢༠༠༠ ལོའི་སྤྱི་ཟླ་༣ ཚེས་༡ ཉིན་ང་ཚོ་དང་ཞལ་གྱེས་སོང༌། བོད་དུ་དམ་པའི་ལྷ་ཆོས་དར་འཕེལ་བྱུང་བ་ནས་བླ་སྤྲུལ་དགེ་བཤེས་དྲག་གྲས་དག་གི་མཛད་རྣམ་འབྲི་བའི་སྲོལ་ཀ་ཤིན་ཏུ་དར་ཁྱབ་ཆེན་པོ་བྱུང་ཞིང༌། རྣམ་ཐར་དེ་དག་ལ་བླ་སྤྲུལ་རང་རང་གིས་བྲིས་པའི་རང་རྣམ་དང༌། རང་རང་གི་དངོས་བརྒྱུད་ཀྱི་སློབ་མ་དག་གིས་བྲིས་པ། དེ་མིན་ཁོང་རྣམ་པའི་མཛད་རྣམ་ལ་དད་པ་སྐྱེས་ནས་ཕྱིས་ཀྱི་མཁས་པས་བྲིས་པ། དད་པ་དང་ཤ་ཞེན་སོགས་ཅི་ཡང་མེད་པར་ལས་ཀའི་དགོས་མཁོ་དང༌། ཡང་ན་ལོ་རྒྱུས་ཀྱི་གསང་བ་བསྔོག་རྒྱུ་སོགས་ལ་དམིགས་ཏེ་འབྲི་བཞིན་པ་ལྟ་བུ་རིགས་དུ་མ་ཡོད་ཀྱང༌། ཁྱབ་ཆེ་བ་ནི་བུ་སློབ་དག་གིས་བྲིས་པ་ཡིན་པར་སྣང༌། རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་ལྟ་བུ་སྐུ་ཚེ་གང་བོའི་ཆོས་སྲིད་ཀྱི་མཛད་པ་མཐའ་དག་ཉིན་ཐོའི་ཚུལ་དུ་བྲིས་ཤིང༌། སྒྲོ་སྐུར་གྱི་མཐའ་ལ་མ་ལྷུངས་པའི་དངོས་བྱུང་གནས་ཚུལ་ཇི་མ་ཇི་བཞིན་དུ་བྲིས་པ་ལྟ་བུ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རང་རྣམ་གླེགས་བམ་གཉིས་ཅན། རྗེ་མི་དགེ་བསམ་གཏན་གྱི་རང་རྣམ་ལྟ་བུ་སྐྱིད་སྡུག་གི་མི་ཚེའི་ནང་དོན་དག་ལེགས་ཉེས་གང་བྱུང་ཇི་བཞིན་དུ་བྲིས་པའི་ཕུལ་བྱུང་གི་རྣམ་ཐར་ཉུང་ཤས་ཤིག་བཞུགས་པ་དག་ཕུད། རྣམ་ཐར་མང་ཤོས་རྗེས་འཇུག་སློབ་མ་དད་པ་དང་དག་སྣང་ཅན་དག་གིས་བྲིས་པ་ཡིན་སྟབས། མི་ལྷ་བཟོས། ལྷ་གཞི་རྩ་མེད་པ་ལྟ་བུ་བཟོས་པའི་རྐྱེན་གྱིས། ང་ཚོས་སྔོན་བྱོན་སྐྱེས་ཆེན་གང་ཞིག་གི་མཛད་རྣམ་གློག་བརྙན་དུ་ཕབ་དགོས་ན་སྐུ་གཟུགས་ཀྱི་ཁྱད་དབྱིབས་དང༌། གཤིས་བརྒྱུད། སྤྱོད་ལམ། ཅི་ཞིག་ལ་མཁས་ཤིང༌། གང་ཞིག་མི་ཤེས་པ་ལྟ་བུའི་མིའི་ཁྱད་ཆོས་དངོས་གནས་པ་མཚོན་ཐུབ་པ་ཞིག་བཟོ་ཁག་པོ་ཡིན། ལྷག་པར་དུ་འདས་པའི་ལོ་ངོ་༣༠༠ ལྷག་གི་ནང་བྱུང་བའི་མཛད་རྣམ་ཕལ་མོ་ཆེའི་རྩོམ་སྟངས་ནི། རྩོམ་ཡུལ་བླ་སྤྲུལ་དམ་མཁས་པ་དེའི་སྐོར་འབྲི་རྒྱུ་ཕལ་བ་དང༌། རྩོམ་མཁན་ཁོ་རང་གིས་སྦྱང་ཡོན་ངོམ་རྒྱུ་ཨང་དང་བོར་བཞག་པ་ལྟ་བུ་སྟེ། གལ་སྲིད་རྩོམ་མཁན་མཁས་ན་རྩོམ་ཡུལ་ཀྱང་མཁས་པར་འགྱུར་བ་དང༌། རྩོམ་མཁན་དེ་ཙམ་མ་མཁས་ན་རྩོམ་ཡུལ་ཀྱང་རང་བཞིན་གྱིས་མི་མཁས་པར་འགྱུར་བ་སྟེ་ཡོད་ཚད་རྩོམ་མཁན་ལ་རག་ལས་པ་ལྟ་བུ་དང༌། ཡང་རྣམ་ཐར་རྩོམ་མཁན་གྱིས་རྩོམ་ཡུལ་གྱི་སྐྱེས་ཆེན་དེ་དག་གི་ནང་གི་ཉམས་རྟོགས་ཞིབ་འབྲི་བྱེད་པ་དེ་ཡིན། རྗེས་སུ་དཔོག་པའི་རྟགས་ཀྱིས་དོན་དག་གང་འཚམ་ཞིག་ཤེས་རྟོགས་བྱེད་ཐུབ་པ་བདེན་ཡང༌། རྟོགས་པའི་ཁྱད་པར་ཕྲ་མོ་རྣམས་བསྟར་ཆགས་སུ་འབྲི་དགོས་ན་རྩོམ་མཁན་གྱི་རྒྱུད་ལ་གཞན་རྒྱུད་ཤེས་པའི་མངོན་ཤེས་དགོས་པ་ཡིན་པས། སྐབས་རེར་དོན་གྱིས་ནི་རྩོམ་མཁན་རང་ཉིད་ལ་སྐྱེས་སྦྱང་གི་ཡོན་ཏན་དང༌། ས་ལམ་གྱི་རྟོགས་པ་གང་ཡོད་ཀྱི་ལྐོག་བརྡ་སྤྲོད་པ་ལྟ་བུའི་ལུགས་སྲོལ་རྒྱུན་འབྱམས་པ་དེ་དག་ནི་ཕྲན་གྱིས་གཞར་ཡང་མ་ནུས། དེས་ན་ཕྲན་ནི་འཇིག་རྟེན་གྱི་མིའི་གྲལ་དུ་སྐྱེས་པ་ཙམ་ལས་འགྲོ་བ་མིའི་ཆོས་ལུགས་དང༌། རིག་གནས། ཚན་རིག དེ་མིན་གྱི་ལེགས་བྱང་སོགས་ཡར་རྒྱས་གསར་བཏོད་ཀྱི་ནུས་པ་ཅི་ཡང་མེད་ཅིང༌། བོད་པ་རྣམས་ཀྱིས་ཤེས་ཡོན་ཅན་ལ་ངེས་པར་ཚང་དགོས་པར་འདོད་པའི་འཆད་རྩོད་རྩོམ་གསུམ་དང༌། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་ཡང་མེད་མཁན་ཞིག་ཡིན་སྟབས། ཁྲི་ཆེན་གུང་ཐང་ཚང་གི་ཐུགས་རྒྱུད་ཀྱི་རྟོགས་པ་སོགས་ཤིན་ལྐོག་གི་གནས་ཚུལ་མང་བོ་ཞིག་ཤེས་ཀྱང་མི་ཤེས་ལ། མི་ཤེས་ཤེས་ཁུལ་གྱིས་བཙན་སྦྱོར་བྱེད་པའི་སྡུག་རུས་ཀྱང་བྱས་མེད། ཁྲི་ཆེན་འདི་བའི་མཛད་རྣམ་ཁོང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས་གསར་རྩོམ་མཛད་ཡོད་ཚུལ་གོ་ཐོས་ཙམ་ལས་ལག་སོན་མ་བྱུང༌། དེ་མིན་རྒྱ་ཡིག་ཏུ་བྲིས་པ་དང༌། གསར་འགོད་པས་བཅར་འདྲི་ཞུས་པ། ཁོང་གི་གསུང་མགུར་ཕྱོགས་སྡེབས་སོགས་མཛད་རྣམ་གྱི་རྒྱུ་ཆར་རུང་བ་དུ་མ་མཐོང་ཡུལ་དུ་ཡོད་ཀྱང༌། ཁོང་གི་མཛད་རྣམ་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པ། ལོ་རྒྱུས་ཀྱི་རིན་ཐང་མ་འཆོལ་བ། ལྷག་པར་དུས་རབས་དམིགས་བསལ་བ་ཞིག་གི་རི་སྒུལ་མཚོ་སྐྱོམ་གྱི་ཆག་འཇིག་ཡ་ང་བ་མང་བོ་བྱུང་བའི་དངོས་ཡོད་གནས་ཚུལ་རྣམས་རྒྱང་བསྐྱུར་དང་ནག་བསུབ་ཏུ་མ་བཏང་བར་དངོས་བྱུང་ཐད་ཀར་བྲིས་པའི་མཛད་རྣམ་ཞིབ་རྒྱས་ཤིག་ཕལ་ཆེར་བྱུང་མེད་པ་འདྲ། ང་ཚོས་ངེས་པར་བསམ་དགོས་པ་ཞིག་ནི། གུང་ཐང་ཁྲི་ཆེན་འདི་བ་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་དུས་རབས་ཤིག་གི་དཀྱོགས་མཚམས་སུ་དཔའ་ངར་གྱིས་འགྲེང་བའི་ལོ་རྒྱུས་མི་སྣ་གལ་ཆེན་དག་གི་རྣམ་ཐར་གྱི་འགངས་ནི། ཁོང་རྣམས་སངས་རྒྱས་བྱང་སེམས་གང་ཞིག་གི་རྣམ་སྤྲུལ་དུ་བསྒྲུབ་རྒྱུ་དང༌། ཕྱག་མོ་ལུང་བསྟན་མཛད་པ་དུས་ཐོག་ཏུ་ཁེལ་བ་ལྟ་བུའི་མཛད་པའི་ཆ་ཤས་ཉི་འཚེ་བ་དག་མཛད་རྣམ་གྱི་སྲོག་ཏུ་བལྟ་མི་རུང་བར། མི་རིགས་འདིའི་དཀའ་སྡུག་གི་ནམ་ཟླ་རིང་མོའི་ཁྲོད་ཀ་གདུང་ལྟ་བུའི་སྐུ་ངལ་ལྷུར་ལེན་མཛད་པའི་སྙིང་སྟོབས་དང༌། དམིགས་ཡུལ། བློས་བཏང༌། དམ་བཅའ། དེས་ཕྱི་རབས་པ་དག་ལ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གནང་བའི་འགན་ཁུར་སོགས་དངོས་ཡོད་རིན་ཐང་མཚོན་ཐུབ་པ་ཞིག་དགོས་ངེས་སུ་མཐོང་བས། ད་དུང་ཁོང་གི་མཛད་རྣམ་རྩོམ་སྒྲིག་གི་དུས་ལ་བབ་ཡོད་མེད་ཀྱང་མ་ཤེས་སོ།། བོད་ནང་གི་རྩོམ་པ་བོ་ཞིག་གིས་ཁྲི་ཆེན་ཁོང་གི་རྗེས་དྲན་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཕྱོགས་བསྒྲིགས་བྱེད་ཀྱིན་ཡོད་པའི་ནང་འགོད་རྒྱུའི་དྲན་ཐོ་ཞིག་འབྲི་བའི་རེ་བསྐུལ་ཡང་ཡང་གནང་བ་ལྟར་སྤྱི་ལོ་༢༠༡༠ ལོའི་ཟླ་༤ ཚེས་༢༤ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས་ཕུལ།།

  • ཧོར་གཙང་འཇིགས་མེད།

 
 
 

Comments


Featured Posts
Recent Posts
Archive
Search By Tags
Follow Us
  • Facebook Basic Square
  • Twitter Basic Square
  • Google+ Basic Square
bottom of page