top of page

བོད་པའི་སྤྱི་འཐུས་ཚོ་ནགས་ནང་ལ་ཤོར་བའི་སྟག་འདྲ་བོ་ཡིན།

  • europeantibetancul
  • 2015年5月12日
  • 讀畢需時 1 分鐘

Tiger-tigers-32293802-500-627.jpg

འདོན་སྤེལ། ༢༠༡༣/༠༥/༠༤

ཉེ་ཆར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་༼རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས༽ཞེས་པའི་བརྗོད་གཞིའི་ཐོག་བོད་མཁས་པའི་བགྲོ་གླེང་ཞིག་ཚོགས་པ་དང་བསྟུན་ཏེ། རྩོམ་པ་པོ་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། བོད་མིའི་རང་ལུས་མེར་བསྲེགས་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་མིའི་རང་ལུས་མེར་བསྲེགས་ཐོག་ང་ལ་བཤད་རྒྱུ་མང་པོ་ཞིག་རག་མ་སོང་། རྩོམ་ཡིག་འབྲི་མཁན་རེ་ཟུང་གིས་ལུང་པ་གཞན་དག་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནས་ཚུལ་དྲང་ཡོང་སྟེ་རྒྱུ་མཚན་བཤད་རྒྱུ་མང་པོ་འདུག ངས་དེ་དག་ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་མཐོང་གི་མེད། དེ་དོན་དག་གཅིག་རེད། གཉིས་པ། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱི་རྩོམ་ཡིག་ཅིག་ཏུ། བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་དོན་ཚན་མང་པོ་དབྱེ་འདུག དོན་ཚན་གཅིག་གི་ནང་རང་ལུས་མེར་བསྲེགས་གནང་མཁན་སྐོར་ཞིག་གིས་དཔའ་སྤོབས་ངོམ་པ་རེད་ཟེར་བ་ལྟ་བུ་བཀོད་འདུག འདི་ལྟར་དཔྱད་བརྗོད་ཀྱི་རྣམ་པའི་ཐོག་ནས་མི་སྒེར་གྱི་བསམ་ཚུལ་ལྟར་དོན་ཚན་མང་པོ་དབྱེ་ན། རང་ལུས་མེར་བསྲེགས་ཀྱི་ནང་དོན་དེ་ཁ་འཐོར་འགྲོ་བ་དང་། དོན་དག་ཆུང་ཆུང་ཆགས་འགྲོ་བའི་ཉེན་ཁ་ཡོད་པ་རེད་དྲན་གྱི་འདུག

དྲི་བ། ད་རེབ་བགྲོ་གླེང་ཐོག་ཁྱེད་ཀྱིས་གཏམ་བཤད་ནང་དོན་གང་འདྲ་གྲ་སྒྲིག་གནང་ཡོད་དམ།

ལན། ངས་ད་ཐེངས་ག་རེ་བཤད་ཡོད་ཟེར་ན། བོད་ནང་དང་བཙན་བྱོལ་སྤྱི་ཚོགས། དེ་བཞིན་བཙན་བྱོལ་གྱི་བརྒྱུད་ལམ་ཁག་འདི་གསུམ་གྱི་བར་ན་ཁ་མ་གསང་བ་དང་། ར་མ་འཕྲོད་པའི་དོན་དག་ཆེན་པོ་ཞིག་ལྷག་འདུག་ཅེས་བཤད་པ་ཡིན། འདིའི་ཐོག་སྔོན་མ་ནས་ང་ལ་བློ་འཚབ་ཆེན་པོ་ཡོང་གི་འདུག དེ་གང་ཡིན་ཟེར་ན། བོད་ནང་གི་མི་མང་ལ་མཚོན་ན། ང་ཚོ་ཚང་མས་མཁྱེན་གསལ་རེད། རང་དབང་དང་ཐོབ་ཐང་གི་རྔ་རྡུང་ནས་འགྲོ་རྒྱུའི་གོ་སྐབས་ཡོད་པ་མ་རེད། བརྙན་འཕྲིན་དང་རླུང་འཕྲིན་དག་ལས་ཕྲན་བུ་རེ་གོ་བཞིན་ཡོད་པ་མ་གཏོགས། གཞན་ཁོང་ཚོས་འཛམ་གླིང་གི་གནས་ཚུལ་ཤེས་པའི་ལམ་ཁ་ཡོད་པ་མ་རེད། གནས་སྟངས་དེའི་འོག་ནས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་ཕྱི་ལོགས་ཀྱི་ཚོགས་པ་ཁག་ཅིག་དང་ལས་འགུལ་བ་ཁག་ཅིག་གིས། བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧང་སང་བ་རེད། བསྔགས་བརྗོད་ཡོད། སྙིང་སྟོབས་དང་ཆོད་སེམས་ལ་འགྱུར་བ་མེད། ང་ཚོ་ཁྱེད་ཅག་གི་རྒྱབ་ཏུ་ཡོང་གི་ཡོད། ཅེས་པ་འདི་ཡང་ཡང་བསྒྲགས་པ་རེད། ཡིན་ནའང་རང་དབང་ལུང་པ་ནས་ངོ་རྒོལ་སྐད་འབོད་དང་། མར་མེ་ཁྲོམ་སྐོར། ཉིན་ཁ་ཤས་རེར་ཟས་བཅད་ངོ་རྒོལ་ཙམ་རེ་བྱེད་པ་ལས། དོན་ངོ་མས་ཐོག་ནས་ང་ཚོ་མི་གཅིག་ཁོང་ཅག་གི་རྗེས་སུ་ཕྱིན་མྱོང་ཡོད་དམ། མ་འོངས་པར་འགྲོ་ཐུབ་མཁན་ཡོང་གི་རེད་དམ། འདི་དྲི་བ་ཆེན་པོ་ཞིག་རེད། ངས་ད་རེབ་འདི་ལ་བསམ་བློ་ཏན་ཏན་གཏོང་དགོས་ཀྱི་འདུག་ཟེར་ནས་བཤད་པ་ཡིན།

དྲི་བ། ཉིད་ཀྱིས་བོད་ནང་དང་བཙན་བྱོལ་སྤྱི་ཚོགས། བཙན་བྱོལ་གྱི་བརྒྱུད་ལམ་ཁག་འདི་གསུམ་གྱི་བར་ན་ཁ་མ་གསང་བའི་དོན་དག་ཅིག་འདུག་ཟེར་བ་དེ་གང་ལ་བཤད་ཀྱི་ཡོད་དམ།

ལན། བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ཀྱི་བོད་མི་གཅིག་པུར་རེ་བ་ཆེན་པོ་ཞིག་རྒྱག་གི་མེད་པ་གསལ་བོ་རེད། ཡིན་ནའང་ཁོང་ཅག་གི་སེམས་སུ་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་དང་། དྲག་ཆས་ཀྱི་དཔུང་རོགས་ཆེན་པོ་ཞིག་དྲང་ནས་ཡོང་གི་རེད་སྙམ་པའི་རེ་བ་ཞིག་དང་ཡིད་ཆེས་ཤིག་ཏན་ཏན་ཡོད་པ་རེད། སྔོན་མ་རིག་གནས་གསར་བརྗེ་སྐབས་སུ་ང་སྐྱེས་སའི་ཧོར་གཙང་ལུང་པར་མཱེ་ཀོ་ཏང་ཟེར་བ་ཞིག་བཙུགས་ཡོད། སྐབས་དེར་ག་རེ་བཤད་ཡོད་པ་རེད་ཟེར་ན་རྩ་འཛུགས་འདི་ལ་ཨ་རིའི་དྲག་ཚོན་གྱི་རྒྱབ་རོགས་ཡོང་གི་ཡོད་པ་རེད་ཟེར་ནས་བཤད་པ་རེད། རྗེས་སུ་མི་རྒྱུ་དང་གོ་མཚོན་གང་གི་རོགས་རམ་ཡང་བྱུང་ཡོད་པ་མ་རེད། དེའི་དབང་གིས་ས་གནས་ཀྱི་མི་དཔའ་བོ་མང་པོ་སྲོག་ཐོག་ལ་བཏང་བ་རེད། སྔོན་མ་དེ་འདྲ་བྱུང་བ་རེད། མ་འོངས་པར་ཡང་དེ་དང་ཆ་འདྲ་བོ་ཆགས་མི་སྲིད་པ་མ་རེད་ཟེར་གྱི་ཡོད། དྲང་བདེན། འཚེ་བ་མེད་པ། ཡང་དག་པ་གསུམ་གཞི་ལ་བཞག་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་པ་རེད། ང་ཚོའི་དངོས་ཡོད་གནས་སྟངས་ཁ་གསང་བོས་ཐོག་ནས་ལ་ཕར་རྒྱབ་ལ་གསལ་བཤད་བྱེད་དགོས་ཀྱི་འདུག ང་ཚོར་ནུས་པ་དང་སྟོབས་ཤུགས། རྒྱབ་རོགས་སོགས་ག་རེ་ཡོད་མེད་ཁ་གསལ་བོ་མ་བཟོས་པར། མག་མོག་རབ་རིབ་ཏུ་བཞག་སྟེ། བོད་ནང་གི་བོད་མི་ཚོས་མུ་མཐུད་མེར་བསྲེགས་ཉེན་མཆོངས་བྱེད་བསྡད་ན། ཆབ་སྲིད་ཀྱི་ཐོག་ནས་ངས་ཤེས་ཀྱི་མེད་མོད། དྲང་བདེན། འཚེ་བ་མེད་པ་ཡང་དག་པ་གཞི་ལ་བཞག་པའི་གཞུང་ཞིག་གི་ངོས་ནས་ཀུན་སྤྱོད་ཏག་ཏག་བསྡད་མི་འདུག ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་འགྲིག་གི་མི་འདུག་ཟེར་གྱི་ཡོད།

དྲི་བ། ང་ཚོས་ཁྱོད་རང་གིས་བཤད་པ་ལྟར་གསལ་བཤད་བྱས་པ་ཡིན་ན། བོད་ནང་གི་བོད་མི་ཚོ་སེམས་ཤུགས་ཆག་གི་མ་རེད་དམ།

ལན། འདི་གནས་སྐབས་རིང་སེམས་ཤུགས་ཆག་དང་མི་ཆག་གི་གནད་དོན་ཞིག་མ་རེད། བོད་གཞིས་བྱེས་གཉིས་ཀྱི་ཕུགས་བསམ་མཛའ་འབྲེལ་དང་འཐབ་རྩོད་བརྟན་བརླིང་རྒྱུན་གནས་ལ་འབྲེལ་བ་ཡོད་པ་ཞིག་རེད། ང་ཚོར་གང་ཡོད་པ་དང་གང་མེད་པ་གཉིས་ཁ་གསང་དགོས། ང་ཚོ་བོད་ནང་ལ་སྐྱིད་སྡུག་མཉམ་མྱོང་བྱེད་དུ་འགྲོ་ཐུབ་ཀྱི་མེད་པ་དང་། བོད་བྱེས་པའི་རྒྱབ་ལོགས་ན་དམག་དང་མཚོན་ཆ། མི་དང་རྒྱུ་སོགས་ཀྱི་དཔུང་རོགས་སྟོབས་ཆེན་གང་ཡང་ཡོང་རྒྱུ་མེད་པ་གསལ་བོ་བཟོ་དགོས་པ་རེད། གཉིས་པ། ང་ཚོས་བྱེད་ཐུབ་པ་དེ་བོད་མི་རེ་འདས་གྲོངས་སུ་ཕྱིན་སྐབས། མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ། ཕྱི་རྒྱལ་ཁག་ཏུ་ཞུ་འབོད་སོགས་སྔོན་མ་ནས་བྱེད་ཀྱི་ཡོད་ལ་མ་འོངས་པར་ཡང་བྱེད་ངེས་ཡིན། དེ་ལས་ལྷག་པའི་ང་ཚོར་རེ་བ་དང་ཡིད་ཆེས་བྱེད་ས་མེད་པ་གསལ་བོ་བཟོ་དགོས། ཕྱི་ལོགས་རང་དབང་ལུང་པར་སྡོད་པའི་བོད་མི་ཚོས་གཞིས་པ་ཚོར་དྲང་མོ་མ་བྱས། གཞིས་པ་ཚོས་ཕྱི་སྡོད་བོད་མི་ཚོར་དྲང་མོ་མ་བྱས། ཕན་ཚུན་བར་གྱི་ཡིད་ཆེས་བརླག་པའི་.....

 
 
 

Comments


Featured Posts
Recent Posts
Archive
Search By Tags
Follow Us
  • Facebook Basic Square
  • Twitter Basic Square
  • Google+ Basic Square
bottom of page