
ཡུ་རོབ་བོད་ཀྱི་དཔེ་མཛོད་ཁང་།
European Tibetan Cultural Library
དྲ་བརྙན་སྡེ་ཚན།
དེང་སང་བོད་ནང་གི་གཞོན་སྐྱེས་ཤེས་ལྡན་པ་ཕལ་ཆེར་ལ་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ། སྒྱུ་རྩལ་བ། རྩོམ་པ་བོ། ཆབ་སྲིད་པ་སོགས་གྲགས་ཆེན་མི་སྣ་ཁག་དང་། དེ་དག་གིས་གསར་བཏོད་ཀྱི་བྱས་རྗེས་ཁག དེ་བཞིན་ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་དམངས་གཙོའི་ལམ་ལུགས་དང་། གཞུང་དང་མི་དམངས་ཀྱི་བར་གྱི་འབྲེལ་ལམ། སྤྱི་ཚོགས་ཐོག་གི་མི་སེར་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་སོགས་ཀྱི་གནས་ཚུལ་ཤེས་འདོད་ཧ་ཅང་ཆེན་པོ་ཡོད་ཀྱང་། ད་དུང་དེ་དག་གི་སྐོར་ཤེས་དགོས་ན་རྒྱ་ཡིག་གཅིག་རང་ལ་བརྟེན་པ་ལས་གཞན་པའི་ཐབས་ལམ་རག་གིན་མེད་སྟབས། ང་ཚོས་དྲ་ཐོག་ཏུ་(online tv)གོང་གི་གནས་ཚུལ་རྣམས་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། ཕྱོགས་གཅིག་ནས་བོད་ནང་གི་གཞོན་སྐྱེས་ཤེས་ལྡན་པ་ཚོས་ནུབ་ཕྱོགས་དཔལ་ཡོན་དར་འཕེལ་གྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་འབྱུང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དེ་དག་གི་ལེགས་ཆ་བླངས་ཏེ་བོད་ནང་གི་ལས་རིགས་མང་བོ་ཡར་རྒྱས་སུ་གཏོང་བའི་སྒོ་མོ་འབྱེད་པའི་ནུས་པའང་ཐོན་རྒྱུ་ཡིན།
རྨ་ཀླུང་འབབ་སྒྲ། དྲ་བརྙན་གླེང་སྟེགས།
འདས་པའི་ལོ་ངོ་མང་བོ་ཞིག་གི་རིང་ལ་བོད་ཕྱི་ནང་གཉིས་ཀྱི་བར་འབྲེལ་མཐུད་བྱེད་ཐུབ་མེད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་བྱང་གཉིས་སུ་གྱེས་པའི་བོད་མིའི་སྤྱི་ཚོགས་ཁྲོད་རང་གི་ནང་མི་ཕན་ཚུན་འཆི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་ལོ་ངོ་མང་བོ་བསྐྱལ་ཡོད།
ཉེ་དུས་ནས་ནུབ་ཕྱོགས་སུ་ཚན་རིག་དང་ལག་རྩལ་གྱི་གསར་བརྗེ་མང་བོ་ཞིག་བྱུང་བ་ལས། དྲ་བའི་གསར་བརྗེ་འདི་ལ་བརྟེན་ནས་ང་ཚོས་སྔོན་ཆད་ལོ་དང་ཟླ་བ་བྱས་ནས་བསྒྲུབས་ཀྱང་འགྲུབ་མི་ཐུབ་པའི་དོན་དག་མང་བོ་ཞིག་སྐར་ཆ་ཁ་ཤས་ཀྱི་རིང་ལ་སྒྲུབ་ཐུབ་པའི་དུས་རབས་ཤིག་ཏུ་སླེབས་ཡོད།
དབང་སྒྱུར་གྲལ་རིམ་པ་སུས་ཀྱང་བཀག་འགོག་བྱེད་དཀའ་བའི་ཆ་རྐྱེན་འདི་རིགས་སྤྱད་དེ། ང་ཚོས་བོད་ནང་གི་རྒྱ་ཆེའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་ལས་ཀ་མང་བོ་ཞིག་རྩོམ་པའི་གོ་སྐབས་ཤར་གྱིན་ཡོད་ལ། ང་ཚོ་བོད་ཕྱི་ལོགས་སུ་གནས་སྡོད་བྱེད་པའི་བོད་མི་རྣམས་མུ་གེ་དང་ནད་ཡམས་ལྟ་བུའི་ཉེན་ཁ་ལ་ཡོལ་ཆེད་ཕྱི་ལོགས་སུ་ཐོན་པ་ཞིག་མིན་པར། རང་དབང་དང་དམངས་གཙོའི་ཁེ་དབང་ལོངས་སྤྱད་ཆོག་པའི་རྒྱལ་ཁབ་ཁག་ལ་རྟེན་གཞི་བྱས་ཏེ། བོད་མིའི་སྐད་ཡིག་དང་ཤེས་ཡོན། འཕྲོད་བསྟེན། ཆོས་ལུགས། ཁོར་ཡུག་སྲུང་སྐྱོབས་སོགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་བྱེད་པའི་དམིགས་ཡུལ་བཅིངས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།
དེང་སང་བོད་ནང་གི་གཞོན་སྐྱེས་ཤེས་ལྡན་པ་ཕལ་ཆེར་ལ་ནུབ་ཕྱོགས་ཀྱི་ཚན་རིག་དང་། མཚན་ཉིད་རིག་པ། རྩོམ་རིག དམངས་གཙོའི་ལམ་སྲོལ། དེ་བཞིན་ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ། སྒྱུ་རྩལ་བ། རྩོམ་པ་བོ། ཆབ་སྲིད་པ་སོགས་གྲགས་ཆེན་མི་སྣ་ཁག་དང་། དེ་དག་གིས་གསར་བཏོད་ཀྱི་བྱས་རྗེས་སྣ་ཚོགས་སྐོར་ཁ་གསལ་གོ་བདེར་ཕབ་སྟེ་རྒྱང་སྲིང་བྱེད་ཐུབ་པ་ཡིན་ན། ཁོང་ཚོས་སྔར་མ་ཤེས་པའི་དོན་དག་མང་བོ་ཞིག་ཤེས་རྟོགས་བྱེད་ཐུབ་པ་དང་། ནུབ་ཕྱོགས་ཀྱི་དཔལ་ཡོན་དང་ལེགས་བྱང་དེ་དག་ལ་རྒྱུས་ལོན་བྱས་པའི་དབང་གིས་ཁོང་ཚོའི་ས་གནས་ཁག་གི་རིག་གནས་སྣ་ཚོགས་གསར་བཏོད་དང་ཡར་རྒྱས་སུ་གཏོང་བའི་བློ་སྒོ་འབྱེད་རྒྱུར་ཐེ་ཚོམ་མེད་པ་ཞིག་ཡིན།
ད་ལྟའི་དུས་སྐབས་འདི་ནི་བོད་མིའི་ལོ་རྒྱུས་ཐོག་ཆེས་དཀའ་ངལ་ལྡན་པའི་དུས་རབས་ཤིག་ཡིན་ལ། ལྷག་པར་ཆབ་སྲིད་ཐོག་ཆེས་ཚོར་སྣང་སྐྱེན་པའི་དུས་རབས་ཤིག་ཀྱང་ཡིན་ཞིང་། ད་ལྟ་ཨ་རིའི་(Voice of America, VOA)རླུང་འཕྲིན་དང་བརྙན་འཕྲིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།(Radio Free Asia, RFA) སོགས་ཆབ་སྲིད་སྐོར་སྒྲོིག་སྦྱང་བྱེད་པའི་བརྒྱུད་ལམ་ཁ་ཤས་ཤིག་ཀྱང་ཡོད་སྟབས། ང་ཚོས་དམིགས་བསལ་ཆབ་སྲིད་ཀྱི་གནས་ཚུལ་སྒྲོག་སྦྱང་བྱེད་མ་དགོས་པའི་ཐོག་ནས། ནུབ་ཡུ་རོབ་དང་ཨ་རི་སོགས་དམངས་གཙོའི་ལམ་ལུགས་དང་། གཞུང་དང་མི་མང་གི་བར་གྱི་འབྲེལ་ལམ། སྤྱི་ཚོགས་ཐོག་གི་མི་སེར་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་སོགས་ཀྱི་གནས་ཚུལ་ལྟ་བུ་གནད་བསྡུས་ཀྱི་སྒོ་ནས་བོད་སྒྱུར་བྱས་ཏེ་རྒྱང་སྲིང་བྱེད་རྒྱུ་དང་། རབ་བྱུང་ན་ཆོལ་ཁ་གསུམ་གྱི་སྐད་གདངས་མི་འདྲ་བ་གསུམ་གྱི་ཐོག་ནས་སྒྲོག་སྦྱང་བྱེད་ཐུབ་ན་དེ་བས་ཀྱང་དགེ་མཚན་ལྡན་པ་ཞིག་ཡིན།
བསྟན་པ་སྔ་དར་གྱི་སྐབས་སུ་བོད་ཀྱི་མཁས་པ་དང་ལོ་ཙཱ་མང་བོས་དཀའ་ལས་བརྒྱབ་སྟེ། བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་པའི་ཕྱི་ལོགས་ཀྱི་རིག་གཞུང་ནང་འདྲེན་བྱས་པའི་དབང་གིས། ད་ལྟ་ང་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ཞེས་སྐད་གསེང་མཐོན་པོས་ངོམ་བཤད་བྱེད་ཐུབ་པ་འདི་བྱུང་བ་ཡིན་ཀྱང་། དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པ་འདིའི་ནང་དུ་ང་ཚོས་རང་གི་ཆོས་དང་རིག་གཞུང་མང་བོ་དབྱིན་ཡིག་དང་རྒྱ་ཡིག་སོགས་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཕབ་སྒྱུར་གྱིས་གནས་སྐབས་རིང་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་བྱེད་ཐབས་ཙམ་དོན་གཉེར་བྱེད་ཀྱིན་ཡོད་པ་ལས། ནུབ་ཕྱོགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ནང་འདྲེན་བྱེད་ཐུབ་ཀྱིན་མེད་པ་དངོས་ཡོད་གནས་ཚུལ་ཡིན། དེས་ན་ང་ཚོས་ནུབ་ཕྱོགས་ཀྱི་རིག་གནས་གལ་ཆེན་ཁག་གི་ཟུར་རེ་རེ་བོད་ནང་ལ་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། ཕྱིའི་རིག་གནས་བཟང་བོ་ནང་འདྲེན་བྱས་པའི་ལས་འགན་ཆེན་པོ་ཞིག་འགྲུབ་ཀྱིན་ཡོད་ཅིང་། ང་ཚོའི་མི་རིགས་དང་རིག་གནས་གཉིས་ལ་སྟོང་ཆ་ཡིན་པའི་དོན་དག་མང་བོ་ཞིག་ཀྱང་ཁ་སྐོང་བྱེད་པའི་ནུས་པ་ཐོན་རྒྱུར་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན།
ང་ཚོའི་དྲ་བརྙན་གྱི་གནས་ཚུལ་འདི་ཐོག་མའི་ཆར་ཟླ་རེར་ཐེངས་གཅིག་རེ་གཏོང་རྒྱུ་དང་། རིམ་གྱིས་དཔལ་འབྱོར་གྱི་ཆ་རྐྱེན་ལ་གཞིགས་ཏེ་བདུན་ཕྲག་རེར་ཐེངས་གཅིག་རེ་གཏོང་ཐུབ་པའི་དམིགས་ཡུལ་འཛིན་དགོས།