
ཡུ་རོབ་བོད་ཀྱི་དཔེ་མཛོད་ཁང་།
European Tibetan Cultural Library
ཝ་ནག་ལུང་བ་བཀླགས་ཐོ།
ཧོར་གཙང་འཇིགས་མེད།
དེ་རིང་ནི་སྤྱི་ཟླ་༣ ཚེས་༡༢ ཡིན། ཆར་བ་བབ་པས་ཐང་ཁྲོམ་སྟོན་དུ་འགྲོ་ས་མེད་པར་གྱུར། དེའི་ཕྱིར་བློ་ལྷོད་པོའི་ངང་ཞོགས་ཇ་འཕྱི་བོར་འཐུངས་ནས་དྲ་ཐོག་ལ་འཁྱམས་མགོ་བརྩམས། ཁ་བརྡ་དྲ་བར་ཞུགས་མ་ཐག་སྒྲུང་རྩོམ་པ་གྲགས་ཆེན་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་ཐུང་ཝ་ནག་ལུང་བ་ཞེས་པ་ཞིག་བཀོད་འདུག་པ་ལ་དོ་སྣང་བྱུང་། ཁ་བརྡ་དྲ་ཐོག་ཏུ་འགོད་མཁན་དགེ་འདུན་རབ་གསལ་ལགས་རེད། འོན་ཀྱང་བརྩམས་སྒྲུང་དེ་བོད་ནང་གི་དཔེ་དེབ་དང་དུས་དེབ་གང་ཞིག་ཏུ་བཀོད་ཡོད་མེད་ཀྱི་གསལ་ཁ་མི་འདུག
གང་ལྟར་སྒྲུང་ཐུང་དེ་ཀློག་མགོ་བརྩམས་པ་ཡིན། སྒྲུང་ཐུང་དེ་ཀློག་རྒྱུ་ནི་བདག་གིས་ཐ་མག་འཐེན་པ་དང་གཅིག་མཚུངས་རེད། མགོ་བཙུགས་པ་ནས་མཇུག་མ་སྐྱེལ་བར་མཚམས་འཇོག་བྱེད་མི་ཐུབ་པ་དེ་རེད།
སྐུ་ཞབས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རྩོམ་ཕལ་ཆེར་ལ་འདི་ལྟ་བུའི་འགུག་ཤུགས་ཆེན་པོ་ཡོད། སྔོན་ཆད་ཁོང་གི་བརྩམས་སྒྲུང་གྲགས་ཆེན་ར་ལོ་སོགས་བཀླགས་མྱོང་ཡོད་ཅིང་། ཁོང་ནི་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་སྒྲུང་རྩོམ་ཐད་གྲུབ་འབྲས་མཚོག་ཏུ་གྱུར་པའི་རྩོམ་པ་བོ་ཞིག་ཡིན་ལ། ཁོང་གི་སྒྲུང་རྩོམ་ཕལ་མོ་ཆེ་ས་གནས་བྱེ་བྲག་པ་ཞིག་གི་དངོས་བྱུང་དོན་དག་དང་ཐད་ཀར་འབྲེལ་བ་ཡོད་པའམ། ཡང་ན་ཡུལ་མི་དཀྱུས་མའི་ཉིན་རེའི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བའི་རྩོམ་པ་བོ་ཞིག་ཡིན།
ངས་ནི་བོད་ཀྱི་དེང་རབས་སྒྲུང་རྩོམ་ཁག་ཕྱི་རྒྱལ་གྱི་རྩོམ་སྲོལ་གང་ཞིག་གི་ཁོངས་སུ་གཏོགས་མིན་སོགས་ཤེས་ཀྱང་མི་ཤེས་ལ། དེ་འདྲའི་ལས་ཀ་ཨུ་ཚུགས་རྒྱག་འདོད་ཀྱང་མེད་པར། བརྩམས་སྒྲུང་དེ་བཀླགས་པ་ལས་བྱུང་བའི་མྱོར་ཚོར་འགའ་ཐད་ཀར་ཟིན་བྲིས་ཀྱི་ཚུལ་དུ་འགོད་ཐབས་བྱེད་རྒྱུ་ཡིན།
དེང་དུས་ཀྱི་བོད་ཕྱི་ནང་གི་རིག་གནས་པ་དང་། ཆབ་སྲིད་པ། ལས་འགུལ་བ། ཆོས་ལུགས་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཡི་གེ་དང་འབྲེལ་བའི་ལས་ཀ་བྱེད་མཁན་མང་བོ་ཞིག་གིས་རང་རང་གི་མྱོང་བྱང་ཡིག་ཐོག་ཏུ་འགོད་ཀྱིན་འདུག་ཅིང་། དེ་དག་དམིགས་ཡུལ་མཐར་གཏུགས་ན། བོད་མིའི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པའི་ཟུར་རེ་སྟོན་གྱིན་ཡོད་པ་ཤ་སྟག་རེད།
འོན་ཀྱང་གོང་གི་སྡེ་ཁག་མི་འདྲ་བ་དེ་དག་ལ་འཇིག་རྟེན་དང་ལོ་རྒྱུས། རིན་ཐང་གི་ལྟ་ཚུལ་མཐུན་མི་མཐུན་ཅི་རིགས་ཡོད་པ་སྨོས་མ་དགོས་ཤིང་། བོད་ཕྱི་ལོགས་ཀྱི་བོད་མི་ཆབ་སྲིད་པ་དང་ལས་འགུལ་བ་དག་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་ཉམ་ཉེས་སུ་གཏོང་བཞིན་འདུག་ཅེས་མ་ཎི་བགྲང་བགྲང་བྱེད་ཀྱིན་ཡོད་ནའའང་། ཁོང་ཚོ་མང་ཤོས་ཀྱིས། ན་སྒོར་མོ་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་མཐུད་དེ་རྒྱ་མི་འབོར་ཆེན་བོད་ཡུལ་དུ་སླེབས་ཀྱིན་ཡོད་པ་ལ་བརྟེན་ནས། བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པ་དང་། བོད་མི་རྣམས་རང་གི་སྐྱེས་ཡུལ་དུ་གྲངས་ཉུངས་མི་རིགས་ཆགས་ཀྱིན་འདུག ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་བསྔོག་འདོན་བྱས་ཏེ་ཁོར་ཡུག་ལ་དོ་ཕོག་གཏོང་བཞིན་འདུག ཆུ་བོ་རྣམས་འབག་བཙོག་ཏུ་གྱུར་ཏེ་བེད་སྤྱོད་མེད་པར་འགྱུར་བཞིན་པ་ལྟ་བུའི་རགས་བཤད་དེ་དག་ལོ་ནས་ལོར་བསྟུད་དེ་བསྐྱར་ལྡབ་བྱེད་བཞིན་པ་ལས། ཁོར་ཡུག་བྱེ་བྲག་པའི་གནས་ཚུལ་བྱེད་བྲག་པ་ཞིབ་ཚགས་བཤད་བྱེད་མི་ཤེས་ཤིང་། ས་གནས་སུ་བྱུང་བའི་རྐྱེན་ཡོད་ཚད་ཆབ་སྲིད་དྲིལ་བསྒྲགས་དང་མཉམ་དུ་སྒྲོག་གིན་ཡོད་སྟབས་མི་མང་བོ་ལ་དོ་སྣང་འདྲེན་ཐུབ་ཀྱིན་མེད། ཆོས་ལུགས་པ་རྣམས་ཀྱི་འཇིག་རྟེན་ལྟ་སྟངས་ནི། རིག་གཞུང་བྱེ་བྲག་པ་ཞིག་གི་སྒེའུ་ཁུང་ནས་འཇིག་རྟེན་ལ་ལྟ་བཞིན་ཡོད་སྟབས་ང་ཚོས་བསམ་ཤེས་བྱེད་ཐུབ་པ་ཞིག་ཡིན་ནའང། བོད་ཕྱི་ལོགས་ཀྱི་ཁོར་ཡུག་སྲུང་སྐྱོབས་ཀྱི་ཚོགས་པ་འཛུགས་མཁན་དང་། རང་དབང་འཐབ་རྩོད་ཆེད་ལས་འགུལ་སྤེལ་མཁན་ཕལ་ཆེར་གྱིས་ཀྱང་། ཨེ་ཤ་ཡའི་གཙང་བོ་མང་ཤོས་ཀྱི་མགོ་ཁུངས་བོད་ཡུལ་དུ་ཡོད་པ་དང་། བོད་ཀྱི་ཁོར་ཡུལ་ལ་ཉམ་ཆག་བྱུང་བ་ཡིན་ན། གཙང་བོ་དེ་དག་འབབ་ཡུལ་གྱི་མི་གྲངས་ཐེར་འབུམ་མང་བོའི་འཚོ་གནས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་རགས་པ་ཙམ་གཏོང་གིན་ཡོད་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབོད་སྒྲ་དང་གཅིག་མཚུངས་ཡིན།
༢༠༠༨ ལོར་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་སྐབས། བཀའ་སྤྱི་གཉིས་མཉམ་འབྲེལ་གྱིས་ཛ་དྲག་ཚོགས་ཆུང་ཞེས་པ་ཞིག་བཙུགས་ཤིང་། ཕལ་ཆེར་ཚོགས་མི་༡༨ ཙམ་ཡོད་པར་ཐོས། (མི་གྲངས་ཏག་ཏག་མ་ངེས།) ཡིན་ནའང་སྐབས་དེའི་ཛ་དྲག་ཚོགས་ཆུང་གིས་ཛ་དྲག་གི་ལས་འགུལ་གང་ཡང་སྤེལ་ཐུབ་མེད། དེ་མེད་པའི་རྒྱུ་མཚན་ནི། ཁོང་ཚོའི་ཚོགས་མི་ཕལ་ཆེ་བས་བོད་ནང་གི་དངོས་ཡོད་སྟངས་ཤེས་ཀྱིན་མེད། དེར་བརྟེན་ཁོང་ཚོས་དྲིལ་སྒྲག་བྱེད་བཞིན་པའི་སྐད་ཆ་དང་། ཡིག་ཆ། པར་རིས། བརྙན་གཟུགས་བཅས་ཡོད་ཚད་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་དང་། ཨ་རིའི་རླུང་ཕྲིན། ཨེ་ཤ་ཡ་རང་དབང་རླུང་ཕྲིན། ཀིརྟི་བྱེས་པ་གྲྭ་ཚང་གི་དྲིལ་བསྒྲགས་སྡེ་ཚན། དེ་མིན་གྱི་གང་ཟག་སྒེར་བ་མང་དག་ལ་སྒེར་འབྲེལ་གྱི་ཐོག་ནས་བྱུང་བའི་རྒྱུ་ཆ་ཁག་ཅིག་སྟེ། བརྒྱུད་ལམ་ཁག་ཏུ་སྒྲོག་སྦྱངས་བྱས་ཟིན་པའི་གསར་འགྱུར་རྙིང་བ་ལས་མཁོ་སྒྲུབ་བྱེད་ཐུབ་མེད། གང་ལྟར་ཁོང་ཚོས་ནམ་རྒྱུན་བཞིན་རང་ཉིད་ལ་ཆ་རྒྱུས་གང་ཡང་མེད་པའི་ལས་ཀ་ལ་འཇུག་གིན་ཡོད་སྟབས། ཁོང་ཚོའི་གནས་ཚུལ་ཁག་ཞིབ་ཚགས་མིན་ལ། ཁོང་ཚོའི་ཁྱབ་སྒྲག་དེ་དག་གིས་མི་སེམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་ཀྱིན་མེད།
མདོ་དོན་སྙིང་བོ་བཙན་བྱོལ་སྤྱི་ཚོགས་ནང་གི་མགོ་ཁྲོད་ཕལ་ཆེ་བ་ཁོང་ཚོའི་མི་ཚེའི་ནང་བོད་ནང་ལ་ཐད་ཀར་འབྲེལ་བ་གང་ཡང་མེད་པར། ཁོང་ཚོས་བོད་ཀྱི་གནས་ཚུལ་བཤད་བཞིན་པ་ནི་རང་རང་གི་ཉིན་རེའི་ལྟོ་གོས་དང་འབྲེལ་བ་ཡོད་ལ། མི་ཚེའི་མདུན་ལམ་དང་ཡང་ཐད་ཀར་འབྲེོལ་བ་ཡོད་པ་སྟེ། མདོར་ན་རང་རང་གི་མི་ཚེའི་མདུན་ལམ་བསྒྲུབ་རྒྱུ་གཙོ་བོ་ཡིན་ཞིང་། སེམས་ཀྱི་གཏིང་རུམ་ན་རང་ཉིད་ལ་ཐད་ཀར་འབྲེལ་བ་གང་ཡང་མེད་པའི་བོད་ནང་གི་གནས་སྟངས་ཐད་སེམས་ཀྱི་དཀའ་ངལ་གང་ཡང་མེད། དེ་མེད་པའི་རྒྱུ་མཚན་ནི། ༡༩༥༩ ལོར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་མང་ཤོས་ཤིག་ད་ལྟ་འདས་གྲོངས་སུ་ཕྱིན་ཚར་བ་དང་། རྒན་འཁོགས་སུ་གྱུར་པ་ཁག་གི་ཕ་མ་སོགས་གཉེན་ཚན་གཙོ་གྲས་ཁག་སྔ་མོ་ནས་འདས་གྲོངས་སུ་ཕྱིན་ཅིང་། མི་ཚེའི་ནང་མཐོང་མྱོང་མེད་པའི་བོད་ནང་གི་བུ་རབས་ཚ་རྒྱུད་དག་ལ་སེམས་ཐག་ཉེ་བོ་ཡོད་པའི་རྒྱུ་མཚན་མེད། ཡང་ཕྱོགས་གཞན་ཞིག་ནས་རྒྱ་གར་དང་བལ་ཡུལ། ཡང་ན་ཨ་རི་སོགས་སུ་སྐྱེས་པའི་མི་རབས་གཉིས་པ་དང་གསུམ་པ་རྣམས་ལ། ཁོང་ཚོའི་ཕ་མའམ་ཡང་ན་ཕ་མའི་ཕ་མ་ཚོའི་གཉེན་འབྲེལ་བོད་ནང་དུ་ཡོད་པ་ཁག་ལ་འབྲེལ་འདྲིས་ཅི་ཡང་མེད་སྟབས། ཕན་ཚུན་བར་མཛའ་སེམས་ཀྱང་མེད་པ་དེ་རང་བཞིན་གྱིས་ཤེས་ཐུབ་པ་ཞིག་ཡིན།
དེང་སང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ཕལ་མོ་ཆེ་ཆབ་སྲིད་པར་ལྟ་སྟངས་ཡག་པོ་མེད་པའི་གནས་སྟངས་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ཆབ་སྲིད་ཀྱི་ཚོགས་པ་ཁག་གིས་བོད་ནང་གི་གནས་སྟངས་དེ་དག་ཆབ་སྲིད་ཀྱི་བརྒྱུད་ལམ་གཅིག་པུའི་ཐོག་ནས་ཁྱབ་བསྒྲགས་བྱས་པ་དེས། མི་རྣམས་ཀྱིས་སུ་ལ་བདེན་པ་ཡོད་མེད་ཀྱི་བརྟག་དཔྱད་བྱེད་མ་བྱས་པའི་ཡར་སྔོན་ནས་ཡིད་དུ་མི་འོང་བའི་གནས་ཚུལ་དེ་རིགས་སོ་སོའི་རྣ་ལམ་དུ་གྲག་མི་དགོས་ཤིང་། སེམས་ངོགས་ལ་སླེབས་མི་དགོས་པའི་འབབ་བརྩོན་བྱེད་ཀྱིན་ཡོད་སྟབས། ང་ཚོས་བདེན་པར་འབོད་པའི་བདེན་པ་དེ་དག་མིའི་སེམས་ངོ་ལ་བདེན་པའི་ངོ་བོར་ར་སྤྲོད་བྱེད་ཐུབ་ཀྱིན་མེད།
བསམ་བློ་འཕྲོས་པ་ལས་ཕྱིར་དྲངས་ཏེ་གོང་གི་སྒྲུང་རྩོམ་ཝ་ནག་ལུང་བའི་སྟེང་དུ་བསྡུས་པ་ཡིན་ན། སྒྲུང་རྩོམ་དེ་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། ཡུལ་ཁམས་ཆེན་པོ་དང་། དོན་དག་རྒྱ་ཆེན་གྱི་ངོ་བོར་མ་གླེང་བར། རྩོམ་པ་བོ་ཁོང་ལ་རྒྱུས་མངའ་ཟབ་པའི་རང་ཡུལ་འབྲོག་ཁུལ་གྱི་ས་གནས་བྱེ་བྲག་པ་ཞིག་གི་སྤྱི་ཚོགས་འཕོ་འགྱུར་གླེང་ཡོད། གླེང་སྟངས་དེ་ཡང་ཕ་རྒན་འཇམ་དབྱངས་དང་། ཁོང་གི་རྒན་མོ་དབྱངས་འཛོམས། ཁོང་གཉིས་ཀྱི་བུ་མོ་ཀླུ་སྒྲོན། དེའི་མག་པ་སངས་རྒྱས། བཟའ་ཚང་དེ་གཉིས་ཀྱི་བུ་དགེ་འདུན་རྒྱ་མཚོ་དང་། བུ་མོ་ཆེ་ཆུང་གཉིས་བཅས་ལས་གྲུབ་པའི་འབྲོག་ཁྱིམ་ཆུང་ཆུང་ཞིག་གིས་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར། རང་འགུལ་གྱིས་རིན་དངུལ་བཏོན་ཏེ་(བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ)སྤྱི་ཚོགས་རིང་ལུགས་ཀྱི་གྲོིང་གསེབ་གསར་བའི་ནང་འཚོ་བར་རོལ་ཕྱིར། སྒོ་ཕྱུགས་བཙོང་ཞིང་འབྲོག་ལས་བསྐྱུར་ཏེ་རྫོང་ཐོག་གི་གྲོང་སྡེ་གསར་བ་དེར་གནས་སྤོ་བྱས་པའི་དུས་ཡུན་ཐུང་ཐུང་གི་ནང་བྱུང་བའི་གཏམ་རྒྱུད་ཅིག་བཤད་ཡོད་ཅིང་། གཏམ་རྒྱུད་དེ་ནི་དགག་སྒྲུབ་བཟང་ངན་ལེགས་ཉེས་ངོས་འཛིན་དབྱེ་འབྱེད་བྱས་པའི་རྩོམ་ཡིག་ཅིག་མིན་ནའང་། རྩོམ་ཡིག་དེ་བཀླགས་ན། དེང་སྐབས་བོད་ཀྱི་ས་གནས་ཁག་ཏུ་ལག་ལེན་བསྟར་བཞིན་པའི་རྒྱབ་ཁབ་ཀྱི་སྲིད་ཇུས་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར། མི་རྣམས་ཀྱི་གཤིས་སྤྱོད། ཁོར་ཡུག་སྐྱེ་ཁམས་བཅས་ལ་དོ་ཕོག་ཉམ་ཆག་གི་འགྱུར་བ་ཇི་ལྟར་འགྲོ་བཞིན་པའི་གནས་སྟངས་ཁག་སེམས་ངོར་གསལ་ཐིང་ཐིང་དུ་འཆར་ཐུབ་པ་མ་ཟད། མི་རྣམས་ལ་དུ་རབས་གསར་རྙིང་དང་། འཚོ་བ་གསར་རྙིང་། འདུ་ཤེས་འཛིན་སྟངས་གསར་རྙིང་གི་རིན་ཐང་ལ་བསྐྱར་དུ་བསམ་གཞིགས་མི་བྱེད་མཐུ་མེད་ཀྱི་སྒོ་མོ་གསར་བ་ཞིག་ཕྱེས་འདུག གཤམ་དུ་མྱོང་བྱང་དེ་དག་ཚིག་ཉུང་གི་ལམ་ནས་བསྡུ་ཐབས་བྱ་རྩིས་ཡིན།
1. རྩོམ་པ་བོས་ཝ་ནག་ལུང་བའི་གཏམ་རྒྱུད་འདི་མགོ་བཙུགས་མ་ཐག་སྒྲུང་རྩོམ་གྱི་རྣམ་པ་ཤས་ཆུང་ཞིང་། ངོ་སྤྲོད་མཚམས་སྦྱོར་གྱི་རྣམ་པ་ཤས་ཆེ་བའི་ཡུལ་ལྗོངས་ཀྱི་བཀོད་པ་ངོ་སྤྲོད་ཐུང་ཐུང་ཞིག་བྱས་ཡོད། ངོ་སྤྲོད་དེར་ཡུལ་དེའི་རི་ལུང་དང་། རྩྭ་ཆུ། སྨན་སྣ་དང་མེ་ཏོག་བཅས་རྫས་དུག་དང་འབག་བཙོག་གིས་མ་ལྷད་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་དགེ་མཚན་ཁག་བསྟན་ཡོད། དེ་འདྲའི་ཡུལ་ལྗོངས་ངོ་སྤྲོད་བྱེད་དགོས་པའི་རྒྱུ་མཚན་དེ་སྒྲུང་རྩོམ་གྱི་མཇུག་རྫོགས་ཁ་མའི་ཡིག་ཕྲེང་གཅིག་གཉིས་ནང་དུ་གཞི་ནས་ཤེས་ཐུབ་པ་ཡིན། འབྲོག་སྡེ་ཆགས་པའི་ཝ་ནག་ལུང་བ་དང་། རྡོ་སོལ་གྱི་གཏེར་ཁ་ལེན་ཕྱིར་འབྲོག་སྡེ་རྫོང་མཁར་དུ་སྤོ་བཅུག་སྟེ་ཝ་ནག་ལུང་བ་བསྔོག་འདོན་བྱས་པའི་མི་སྡུག་པའི་ཡིད་ཁམས་གཉིས་གཤིབ་བསྡུར་གྱི་ལམ་ནས་བོད་ཀྱི་འབྲོག་སྡེ་ཁག་གི་དཀའ་ངལ་གླེང་ཡོད།
2. རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་འབྲོག་སྡེ་རྣམས་ཀྱིས་ཕ་མེས་ཡང་མེས་ནས་བཟུང་བའི་རྩྭ་ས་བགོ་འགྲེམས་བྱས་ཏེ། ལོ་ངོ་ལྔ་བཅུའི་རིང་རང་ཉིད་ལ་བདག་ཐོབ་ཡོད་པའི་ཁྲིམས་མཐུན་དཔང་ཡིག་སྤྲད་པ་དང་། ཕྱོགས་གཞན་ཞིག་ནས་ཕྱུགས་དོར་རྩྭ་སྐྱོང་ཞེས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཆེད། མང་ཚོགས་ཀྱི་ལག་ནས་དང་བླང་སྒོར་མོ་བསྡུས་ཏེ་རྫོང་མཁར་ཐག་ཉེ་རུ་སྡོད་ཁང་བཟོས། དེའི་དགེ་མཚན་ནི་རྩྭ་ཐང་ལ་ངལ་གསོ་བྱེད་བཅུག་སྟེ། རྩྭ་ཐང་ཡར་རྒྱས་སུ་ཡོང་ཆེད་ཡིན་པར་བཤད་ཅིང་། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྱབ་བསྒྲགས་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ཀྱང་། རྒྱལ་ཁབ་ཀྱི་དམིགས་ཡུལ་ནི་དེ་ལས་རྦད་དེ་ལྡོག་སྟེ། ཞི་དྲག་གི་ཐབས་ལམ་སྣ་ཚོགས་སྤྱད་དེ་འབྲོག་ཁྱིམ་ཁག་མཁར་གྲོང་དུ་ཕུད་ཟིན་པའི་རྗེས་སུ་འབྲོག་ཁྱིམ་དེ་དག་ལ་དབང་བའི་རྩྭ་ས་བསྔོག་ཏེ་རྡོ་སོལ་སོགས་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་བཟོ་སྐྲུན། ཕྱི་རྒྱལ་ལྟ་ཡུལ་སྐོར་བ་ཚོར་སྤྲོད་འཆམ་འཛད་སྤྱོད་བྱེད་ཡུལ་བཟོས་པ་སོགས་གཞུང་དམངས་གཉིས་ཀྱི་བར་བྱུང་བའི་དཀའ་ངལ་ཁག་རེད།
3. དབུས་དང་མངའ་སྡེའི་གཞུང་གི་འཆར་འགོད་ཀྱིས་ཁང་བ་རྒྱག་སྐབས། འབྲེལ་ཡོད་མགོ་བྱེད་དག་གིས་དངུལ་དངོས་ལྐོག་ཟ་བྱས་ཏེ། ཁང་བའི་རྒྱུ་སྤུས་ཧ་ཅང་ཞན་པས། ཉམས་དགའ་བའི་སྡོད་ཁང་གསར་བ་དེ་ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་རྩིག་པར་གས་ཆག་དང་། ཁང་ཀླད་ལ་ཆུ་མི་ཚོགས་པ། དེང་རབས་ཀྱི་རྣམ་པ་ལྡན་པའི་གསང་སྤྱོད་ཀྱི་ཡོ་ཆས་ཁག་ཅིག་བཙུགས་ཡོད་ཀྱང་། དེ་ཉིད་བེད་སྤྱོད་བྱེད་པའི་ཆུ་སྦུག་རྩ་ནས་བཟོས་མེད་པ། གོང་རིམ་གྱི་བཀའ་ལྟར་མགོ་བྱེད་ཆེ་འབྲིང་ཆུང་གསུམ་སྡོད་ཁང་གི་རྒྱུ་སྤུས་ལ་བརྟག་དཔྱད་བྱེད་པར་སླེབས་སྐབས། སྒོ་འགྲམ་ནས་བརྙན་པར་འདེབས་པ་ཙམ་ལས་དངོས་ཡོད་ཀྱི་ཁང་བའི་རྒྱུ་སྤུས་ལ་ལྟ་མཁན་མེད་པ། ཡུལ་མིས་ཁང་བའི་རྒྱུ་སྤུས་ཞན་པ་ལས་བྱུང་བའི་དཀའ་ངལ་ཁག་གོང་རིམ་ལ་སྙན་གསན་བྱས་སྐབས། རྒྱལ་ཁབ་ཀྱིས་སྡོད་ཁང་ཤིག་གསོས་ཆེད་གྲོན་དངུལ་གཏོང་གིན་ཡོད་ཀྱང་། ས་གནས་སུ་ཤིག་གསོས་དངོས་སུ་བྱེད་སྐབས། ཆུ་ཡོང་སར་འཕྲལ་སེལ་གྱི་འགྱིག་ཤོག་གཡོགས་པ་དང་། རྩིག་པ་གས་པའི་སྟེང་ལ་ཨར་འདམ་ཅུང་ཟད་རེ་བྱུགས་པ་ལྟ་བུ་ལས་དངོས་སུ་རྒྱུ་སྤུས་ལྡན་པའི་ལས་ཀ་བྱེད་མཁན་མེད་པ།
4. ཁྱིམ་ཚང་དེའི་ཉིན་རེའི་འཚོ་བ་བྲིས་པའི་ཞོར་ལ། དེང་སང་རྒྱ་ནག་ནང་གི་དཀའ་ངལ་ཆེ་ཤོས་ཤིག་སྟེ། དངོས་ཟོག་ཡོད་ཚད་རྫུན་བཟོ་བྱས་ཏེ་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་བྱེད་ཀྱིན་ཡོད་པ་དཔེར་ན། འོ་མ་རྒྱུན་རིང་ཉར་ཐུབ་ཆེད་འོ་མའི་ནང་དུ་འབུ་དུག་བསྲེས་པ་ལྟ་བུ་དང་། རྡོ་སོལ་ཉོས་ཚེ་རྡོ་སོལ་གྱི་བརྒྱ་ཆ་སུམ་ཅུ་ལྷག་ཚོན་རྩི་ནག་པོ་བྱུགས་པའི་བྲག་རྡོ་དང་ཆུ་རྡོ་ཡིན་པ་ལྟ་བུ་ཟ་དང་ཟུར་ནས་སྟོན་བཞིན་པ།
5. དེང་སང་བོད་ནང་གི་གྲོང་ཁྱེར་དང་གྲོང་བརྡལ་ཁག་ཕར་ཟད། ཐ་ན་འབྲོག་ཁུལ་གྱི་མཚོ་དང་མཚེའུ། གཙང་བོ་དང་རྒྱུག་ཆུ་རྣམས་ཀྱང་བཙོག་རྫས་སྣ་ཚོགས་ཀྱིས་སྦག་སྟེ་མི་ཕྱུགས་གང་གིས་ཀྱང་ལོངས་སྤྱོད་བྱེད་མི་ཐུབ་པར་གྱུར་པའི་གནས་སྟངས་དེ། སྔར་བོད་ཀྱི་སྙན་ངག་པ་མང་བོས་སྙན་ངག་གི་རྟོག་ཡུལ་ཏུ་གྱུར་པའི་རྩེ་ཆུ་སྔོན་མོའི་འགྱུར་ལྡོག་གི་རྣམ་པའི་ཐོག་ནས། ཡུལ་སྤྱིའི་ཁོར་ཡུག་ལ་ཕོག་པའི་དཀའ་ངལ་བསྟན་ཡོད།
6. ཉིན་ཞིག་བུ་མོ་ལྷ་རིས་སྐྱིད་སློབ་གྲྭ་ནས་ནང་དུ་ལོག་རྒྱུར་འགོར་འགྱངས་བྱུང་། མོ་རང་ཁྱིམ་དུ་སླེབས་ནས་དུས་ཚོད་ཏག་ཏག་ཐོག་ནང་ལ་འབྱོར་མ་ཐུབ་པའི་རྒྱུ་མཚན་གཉིས་བཤད། གཅིག་སློབ་གྲྭའི་འཛིན་ཁང་གཅིག་གི་ཁང་ཀླད་བརྡིབ་སྟེ་སློབ་ཕྲུག་གཉིས་བསད་ཅིང་གཞན་དུ་མ་ལ་རྨས་སྐྱོན་ཕོག་པ་དང་། གཉིས་སློབ་ཕྲུག་ཅིག་གིས་དགེ་རྒན་གྱི་དངུལ་བརྐུས་པས། དགེ་རྒན་གྱིས་སློབ་མ་དེར་ཉེས་རྡུང་བཏང་ནས་རྨས་སྐྱོན་བཟོས་པ། དེའི་ལན་དུ་སློབ་ཕྲུག་དེའི་ཁྱིམ་མི་སློབ་གྲྭར་ཡོང་སྟེ་དགེ་རྒན་ལ་བརྡུངས་ནས་གཟུགས་པོར་རྨས་སྐྱོན་ཕོག་པ་སྟེ། དོན་དག་དེ་གཉིས་ཀྱིས་མགོ་བྱེད་པ་དག་དངུལ་དངོས་ལྐོག་ཟའི་དབང་དུ་སོང་སྟེ་བྱིས་པའི་སློབ་ཁང་གི་རྒྱུ་སྤུས་ཧ་ཅང་ཞན་པ་དང་། སློབ་གྲྭའི་ནང་འགྲིག་ལམ་དང་ཀུན་སྤྱོད་ཡག་པོ་མེད་པ་སོགས་བསྟན་ཡོད།
7. སྐབས་དེར་རྫོང་མཁར་གྱི་གཞིས་ཆགས་གསར་བའི་ནང་སྤོས་པའི་འབྲོག་པ་ཟུར་བ་རྣམས་ཀྱིས་འབྲོག་རུ་ནས་སྤོས་ཡོང་སྐབས་ཁྱེར་ཡོང་བའི་ཨོང་བ་དང་རིལ་མ། མར་དང་ཆུར་བ་སོགས་ཡོངས་སུ་ཟད་དེ། ཤ་མར་དང་རྡོ་སོལ་སོགས་ཉོ་དགོས་པས་སྔར་གྱི་གསོག་དངུལ་རྣམས་རྫོགས་ཤིང་། ད་ལྟ་ཡོང་འབབ་གང་ཡང་མེད་པས་འཚོ་བ་ལ་དཀའ་ངལ་འཕྲད་བཞིན་པ་དང་། ད་དུང་དེར་མ་སྤོས་པའི་འབྲོག་པ་རྣམས་ལ་རང་གི་ཟ་འཐུང་སྤྱོད་གསུམ་ཕར་ཟད། ཐ་ན་རྫོང་མཁར་ལ་སྤོས་ཟིན་པའི་སྤུན་མཆེད་གྲོགས་པོ་ཚོར་སྟེར་རྒྱུའི་ཤ་མར་སོགས་འབེལ་བོ་ཡོད་པ་གཉིས་གཤིབ་བསྡུར་གྱི་ལམ་ནས་གོ་བརྡ་སྤྲད་ཡོད།
8. མཐའ་མཇུག་རྫོང་མཁར་དུ་ཚད་རིམ་༤ ཅན་གྱི་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་སྐབས་སློབ་ཁང་དང་གྲོང་སྡེ་གསར་བའི་ཁང་བ་རྒྱུ་སྤུས་མི་ཟབང་བ་ཁག་ཅིག་བརྡིབས་ནས་སློབ་ཕྲུག་མང་བོ་ཤི་རྨས་སུ་བཏང་། འཇམ་དམྱངས་ཚང་གི་བུ་མོ་ལྷ་རིས་སྐྱིད་ཀྱང་དེའི་ཁྲོད་དུ་རྐྱེན་འདས་སུ་གྱུར་པ་སྟེ། གནས་ཚུལ་བྱེ་བྲག་པའི་ལམ་ནས་སྤྱིའི་གནས་ཚུལ་གྱི་ཞན་སྐྱོན་བསྟན་པ།
9. སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་བའི་ནང་གི་འཇམ་དབྱངས་ཚང་ལ་གཅིག་མཇུག་གཉིས་མཐུད་ཀྱི་ཆག་སྒོ་བྱུང་བ་དང་། ལྷག་པར་སློབ་གྲྭར་འགྲིམས་བཞིན་པའི་བུ་མོ་ལྷ་རིས་སྐྱིད་རྐྱེན་འདས་སུ་གྱུར་པས་རྫོང་མཁར་དུ་སྡོད་འདོད་མེད་པར་གྱུར་ཏེ་ཕྱིར་རང་གི་ཕ་ས་ཝ་ནག་ལུང་བར་སོང་། འོན་ཀྱང་ཁོང་ཚོས་ཝ་ནག་ལུང་བར་འབྱོར་སྐབས་སྔར་གྱི་རང་གི་སྡོད་ཤུལ་མ་རྙེད། ཝ་ནག་ལུང་བ་ཡོངས་རྫོགས་ས་སྔོག་རྡོ་གཅོག་གི་འཕྲུལ་ཆས་ནུས་ཤུགས་ལྡན་པ་མང་བོས་ཁེངས་ཡོད་པ་དང་། སྔར་གྱི་མེ་ཏོག་དང་སྨན་རྩྭས་ཁེངས་པའི་སྤང་ངོས་རྣམས་རྩབ་རལ་ཚལ་གཤགས་སུ་བཏང་ཡོད་པར་མ་ཟད། ལུང་བ་ཡོངས་སུ་འོབས་དོང་བྲུས་ཏེ་འབྲོག་རུ་གནས་ཡུལ་མེད་པ་ཆགས་པའི་སྣང་བརྙན་གྱིས་སྒྲུང་མཇུག་བསྡུས་འདུག
ཟིན་ཐོ་འདེབས་མཁན་གྱིས་ཕུལ་བའི་རྩོམ་ཐུང་འདི་ཀློག་མཁན་རྣམས་ལ་བསམ་གཞིགས་ཀྱི་ས་བོན།
ང་ཚོས་ཐོག་མར་བསམ་གཞིགས་བྱེད་དགོས་པ་ནི། བོད་མིའི་དཀའ་སྡུག་དེ་འཛམ་གླིང་མི་དམངས་ལ་ཤེས་སུ་བཅུགས་ན་དགེ་མཚན་ཅི་ཡོད་ངོས་འཛིན་གསལ་བོ་དགོས་གལ་ཆེ། ཨ་རི་ལྟ་བུར་ཆ་བཞག་ན་སྤྱི་ལོ་༡༩༧༡ ལོར་ཧན་རིས་ཁིས་སེན་རྗར་(Henry A. Kissinger, the 56th Secretary of State. He also served as Assistant to the President for National Security Affairs from January 20, 1969, until November 3, 1975,)གྱིས་གསང་བའི་ཐོག་རྒྱ་ནག་སྲིད་འཛིན་མའོ་ཙེ་ཏུང་ལ་འབྲེལ་ལམ་བཙུགས་པ་ལྟར། སྤྱི་ལོ་༡༩༧༢ ལོར་སྲིད་འཛིན་ནེཀ་སིན་(Richard Milhous Nixon, 37th President of the United States, serving from 1969 to 1974,)རྒྱ་ནག་ཏུ་སོང་སྟེ་ཨ་རི་དང་རྒྱ་ནག་གཉིས་བར་ཆོད་ཡིག་ཁག་ཅིག་བཞག་ཡོད་ཅིང་། ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ནི་ཨ་རིའི་ཕྱོགས་ནས་། རྒྱ་ནག་གཅིག་གི་སྲིད་ཇུས་ལ་མཚན་རྟགས་བཀོད་པ་དེ་ཡིན་ལ། དུས་དེ་བཟུང་སྤྱི་ལོ་༡༩༧༩ ལོའི་བར་རྒྱལ་བ་རིན་པོ་ཆེ་ཨ་རིའི་ནང་ཆིབས་སྒྱུར་གཏན་འགོག་བྱས་ཤིང་། མཚན་རྟགས་དེ་བཀོད་མ་ཐག་ཨ་རིའི་གཞུང་དང་གསང་བའི་ལས་ཁུང་གིས་རྒྱལ་བ་རིན་པོ་ཆེ་ལ་གནོན་ཤུགས་ཚད་མེད་སྤྲད་དེ་བལ་ཡུལ་གྱི་བོད་མིའི་དམག་སྒར་ཁག་ཕྱུར་བསྡུ་བྱེད་དགོས་བྱུང་ཡོད། དོན་དག་དེ་ལ་བརྟེན་ནས་ད་ལྟའང་ང་ཚོའི་སྤྱི་ཚོགས་ནང་གོ་ནོར་མང་བོ་ཞིག་ཐེབས་ཀྱིན་ཡོད། གོ་ཐོས་སུ་དམག་སྒར་ཕྱིར་བསྡུ་བྱེད་རྒྱུར་དཀའ་ངལ་བྱུང་ནས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཤུམ་བཞིན་བཀའ་སློབ་གནང་བའི་བརྙན་གཟུགས་འཁོར་ཐག་ཅིག་དམག་སྒར་དུ་བཏང་བར་གྲགས་ཤིང་། སྐུའི་ཕོ་ཉ་བ་དྲུང་ཡིག་ལྷ་མོ་ཚེ་རིང་ཡང་བལ་ཡུལ་གཞུང་གིས་འཛིན་བཟུང་བཙོན་འཇུག་ལོ་མང་རིང་བྱས་པ་སོགས་མདོར་ན། བོད་མི་མང་བོ་ཞིག་གིས་བལ་ཡུལ་གློ་ཚེ་རོག་དང་པོཀ་ར་སོགས་ཀྱི་དམག་སྒར་དེ་དག་ཕྱིར་བསྡུ་བྱེད་དགོས་པ་དེ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱིས་དྲང་བོ་མ་བྱས་པ་ལྟ་བུར་ངོས་འཛིན་ནོར་འཁྲུལ་ཅན་བྱེད་ཀྱིན་ཡོད་པ་དེ་དག་རེད། གང་ལྟར་དཔེ་མཚོན་འདིས་ང་ཚོར་བསམ་གཞིགས་ཀྱི་སྒོ་མོ་ཆེན་པོ་ཞིག་འབྱེད་ཐུབ་པར་སྙམ།
འོ་ན་ང་ཚོའི་དཀའ་སྡུག་དེ་འཛམ་གླིང་མི་དམངས་ལ་ཤེས་སུ་བཅུགས་ནས་ཕན་ཐོགས་ཡོད་ན། དེ་ཤེས་སུ་འཇུག་པའི་བརྒྱུད་ལམ་གང་ཞིག་བརྒྱུད་ནས་འཛམ་གླིང་མི་དམངས་ལ་སེམས་འགུལ་ཐེབས་སུ་འཇུག་དགོས་སམ། ཕྲན་གྱི་ལྟ་སྟངས་ལ་རྩོམ་རིག་དང་སྒྱུ་རྩལ་ལ་བརྟེན་རྒྱུ་ལས་གཞན་པའི་ལམ་ཁ་ཟབ་བརླིང་ལྡན་པ་གང་ཡང་མེད། རྩོམ་རིག་དང་སྒྱུ་རྩལ་གྱིས་མིའི་སེམས་ལ་འགུག་ཤུགས་འགྲན་ཟླ་མེད་པ་ཞིག་སྤྲོད་པ་ཡིན། ང་ཚོས་དམར་གསོད་བྱས་པའི་བེམ་པོ་དང་། མེ་ལ་འཚིག་བཞིན་པའི་ཕུང་བོ། དྲག་དམག་གིས་མནར་གཅོད་གཏོང་བཞིན་པའི་འདྲ་པར་དང་བརྙན་རིས་འགྲེམས་སྟོན་བྱས་པ་ཁག་ལ་ནུས་པ་རྦད་དེ་མེད་པ་མ་ཡིན་ཡང་། ང་ཚོས་དེ་དག་བསྒྲུབས་པས་འཛམ་གླིང་མི་དམངས་ལ་སེམས་འགུལ་ཐེབས་སུ་བཅུག་མེད་པ་བློ་མངའ་སེམས་གསལ་རེད། གལ་སྲིད་ང་ཚོས་མི་སེམས་གས་ཆག་ཏུ་གཏོང་བའི་རོལ་དབྱངས་ཀྱི་དགོངས་ཚོགས་ཤིག་བསྒྲུབས་པ་དང་བསྡུར་བ་ཡིན་ན། མི་རྣམས་ལ་འཇིགས་སྣང་དང་ཁོང་ཁྲོ། དྲག་གཏུམ་གྱི་རྣམ་པ་མེད་པའི་ཐོག་ནས་སེམས་ཀྱི་གཏིང་རིམ་ལ་རལ་གྲི་སྐོར་བ་ལྟ་བུའི་ཚོར་བ་ཟབ་མོ་སྤྲོད་ཐུབ་པ་ཡིན།
ང་ཚོས་ཆབ་སྲིད་བཙོན་པ་བྱེ་བྲག་པས་བཙོན་ཁང་དུ་དཀའ་སྡུག་མནར་གཅོད་མྱངས་རབས་ཁོ་ན་རྩལ་ཏུ་བཏོན་ནས་དཔེ་དེབ་འགྲེམས་སྤེལ་བྱེད་པ་ལས། ཁོང་རྣམ་པས་མྱངས་པའི་དཀའ་སྡུག་ངོ་མ་དེ་སྒྲུང་རྩོམ་གྱི་ལམ་ནས་སྟོན་ཐུབ་པ་ཡིན་ན། ཆབ་སྲིད་དྲིལ་སྒྲག་ཡིག་ཆ་ལྟར་བོད་མི་ལ་སྙིང་རྗེ་ལྡན་པའི་དམིགས་བསལ་གྱི་མི་སྣ་ཉུང་ཤས་ལས་གཞན་པའི་ཉན་མཁན་མི་རག་པའི་དཀའ་ངལ་འཕྲད་མི་དགོས་པར། ཁྱིམ་ཚང་དང་ཁྱིམ་ཚང་གི་ནང་དུ་ང་ཚོའི་གནས་ཚུལ་ཀློག་ཏུ་འཇུག་ཐུབ་པར་མ་ཟད། གནམ་གྲུ་དང་། མེ་འཁོར། རླངས་འཁོར་སོགས་སུ་འགྲུལ་བཞུད་བྱེད་མཁན་དང་། མཚོ་འགྲམ་གྱི་ཕྱེ་མའི་ནང་ལྷོད་ཉལ་བྱེད་མཁན་རྣམས་ཀྱི་སེམས་ཁོངས་སུའང་ང་ཚོའི་དཀའ་སྡུག་གི་གནས་ཚུལ་འཇོག་ཐུབ་ཅིང་། མདོར་ན་ལས་གནས་དང་གོ་ས་ལ་དབྱེ་བ་མེད་པའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་ས་ཡ་མང་བོར་ང་ཚོའི་དངོས་ཡོད་དཀའ་སྡུག་ཤེས་སུ་འཇུག་ཐུབ་པ་ཙམ་མ་ཡིན་པར། རང་འགུལ་གྱིས་དེ་ལ་རྒྱབ་རོགས་བྱེད་པའི་ཆོད་སེམས་དང་དམ་བཅའ་སྐྱེ་རུ་འཇུག་རྒྱུའི་ནུས་པའང་བསྐྲུན་ཐུབ་པར་སྙམ་པས་མཁྱེན་ཡངས་དག་གིས་དཔྱད་པར་མཛོད།