top of page

༄༅།། བོད་ཀྱི་དཔེ་མཛོད་རིག་གཞུང་སྒྱུ་རྩལ་ལྟེ་གནས་ཁང་།

དང་བོ། རྒྱབ་ལྗོངས་མདོར་བསྡུས།

 

བོད་ནི་ལོ་ངོ་སྟོང་ཕྲག་མང་བོའི་རིང་ཞི་བདེའི་ངང་འཚོ་གནས་བྱས་པའི་ཡུལ་ཁམས་ཤིག་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་སྒུལ་ཤུགས་དང་མཉམ་དུ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་གཉིས་ཏེ། རྒྱ་ནག་ལ་དམར་ཤོག་པས་དབང་སྒྱུར་བྱེད་མགོ་ཚུགས་པ་དང་། དབྱིན་ཇི་སྲིད་གཞུང་གིས་རྒྱ་གར་ལ་དབང་སྒྱུར་བྱེད་པའི་ནུས་པ་ཉམས་ཟད་དུ་ཕྱིན་ཡོད། དེ་འདྲའི་འཛམ་གླིང་རང་བཞིན་གྱི་ཆབ་སྲིད་གཡོ་སྐྱོམས་ཆེན་པོ་དེའི་བར་ནས། ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ཕྱི་འབྲེལ་གྱི་ཉམས་མྱོང་མེད་པའི་བོད་ཀྱི་ཡུལ་ཁམས་དེ་རྒྱ་ནག་དམར་ཤོག་པའི་དབང་སྒྱུར་འོག་ཤོར་ཏེ་ལོ་ངོ་༥༦ ཕྱིན་ཡོད།

སྤྱི་ལོ་༡༩༥༩ ལོར་རྒྱ་ནག་དམར་ཤོག་པས་འཇིགས་བསྐུལ་ཆེན་པོ་ཕོག་པ་ལ་བརྟེན་ནས། བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་གཙོ་བྱས་པའི་མི་བརྒྱད་ཁྲི་ལྷག་ཁྱིམ་མཚེས་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་བ་ནས། ད་ལྟ་མི་གྲངས་ཆིག་འབུམ་བཞི་ཁྲི་ལྷག་མུ་མཐུད་ནས་རྒྱ་གར་དང་། ནུབ་ཡུ་རོབ། བྱང་ཨ་མི་རི་ཁ་སོགས་བོད་ཕྱི་ལོགས་ཀྱི་རྒྱལ་ཁབ་ཁག་མང་བོ་ཞིག་ཏུ་ཁ་འཐོར་དུ་འཚོི་གནས་བྱེད་ཀྱིན་ཡོད་ཅིང་། འདས་པའི་ལོ་ངོ་༥༦ དུས་ཡུན་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་དམར་ཤོག་དབང་སྒྱུར་འོག་དཀའ་སྡུག་ཧ་ཅང་མང་བོ་མྱངས་ཡོད་ཅིང་། ད་ལྟའང་བོད་མིའི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མ་རག་པའི་དཀའ་ངལ་ཆེན་པོ་ཡོད་སྟབས། སྤྱི་ལོ་༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ཁག་ལ་འདོད་མོས་མེད་པའི་ཞི་བའི་ངོ་རྒོལ་དང་། རང་ལུས་མེར་སྲེག་བྱེད་པ་སོགས་འུ་ཐུག་པའི་བྱ་ཐབས་མང་བོ་བསྟེན་མུས་སུ་ཡོད།

བོད་ནང་གི་བོད་མི་རྣམས་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་པའི་རྒྱ་ནག་གི་མི་གྲངས་དུང་ཕྱུར་བཅུ་བཞིའི་ནང་ཐིམ་ནས་ཡོད་པས། བོད་མི་རྣམས་བོད་རང་གི་ས་ཐོག་ཏུ་མི་སེར་ཨང་རིམ་གཉིས་པ་ཆགས་ནས་རང་གི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་ལ་དོ་ཕོག་འབྱུང་གིན་ཡོད་པ་དང་། ཕྱི་ལོགས་སུ་ཡོད་པའི་བོད་མི་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཁ་འཐོར་དུ་གནས་དགོས་བྱུང་བའི་དབང་གིས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་བོད་ཕྲུག་ན་གཞོན་ཕལ་ཆེར་གྱིས་བོད་རང་གི་སྐད་ཡིག་དང་ཆོས་ལུགས། སྤྱིར་བཏང་གི་རིག་གཞུང་ཁག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་མ་རག་པའི་དཀའ་ངལ་འཕྲད་ཀྱིན་ཡོད།

སུད་སི་རྒྱལ་ཁབ་ཀྱིས་སྤྱི་ལོ་༡༩༦༠ རེ་གྲངས་ནས་བོད་མི་༥༠༠ ཙམ་སྐྱབས་བཅོལ་དུ་བླངས་པ་དང་། ཕྱིས་རིམ་གྱིས་བོད་མི་གསར་འབྱོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཉེ་འཁོར་གྱི་ཡུ་རོབ་རྒྱལ་ཁབ་ཁག་ཏུའང་ཟླ་བ་རེ་རེ་བཞིན་བོད་མི་སྐྱབས་བཅོལ་བའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། ཁོང་ཚོ་མང་བོ་ཞིག་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་སྐད་ཡིག་གི་གནས་ཚད་འདང་གིན་མེད་པ་དང་། བོད་རང་གི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མ་རག་པའི་དབང་གིས་ཁོང་ཚོའི་སེམས་ལ་དཀའ་ངལ་དང་གནོན་ཤུགས་ཧ་ཆེན་པོ་འཕྲད་ཀྱིན་ཡོད་ལ། བོད་རང་གི་རིག་གནས་ཀྱི་སྣ་ཚོགས་ཀྱི་དཔེ་ཆ་ལྟ་ཀློག་བྱེད་རྒྱུ་མ་རག་པའི་དཀའ་ངལ་མང་བོ་འཕྲད་ཀྱིན་ཡོད།

ད་དུང་ཕྱོགས་གཞན་ཞིག་ནས་དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཁག་གི་འབྲེལ་ལམ་ཇེ་ཟབ་དང་། ཤར་ནུབ་བར་རིག་གནས་བརྗེ་རེས་ཀྱི་དུས་རབས་གསར་བ་ཞིག་ཏུ་སླེབས་པ་དང་མཉམ་དུ། སུད་སི་སོགས་ནུབ་རོ་ཡོབ་ཀྱི་རྒྱལ་ཁབ་ཁག་གི་མི་སེར་མང་བོ་ཞིག་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། ཆོས་ལུགས། རིག་གནས་གཞན་པ་བཅས་ལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་འདོད་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། ཡུ་རོབ་ཀྱི་སློབ་གྲྭ་ཆེན་མོ་ཆེས་ཉུང་ཤོས་ཤིག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྦྱོང་སའི་ཁོར་ཡུག་ཆུང་ཆུང་ཞིག་ཡོད་པ་ལས། མང་ཚོགས་རང་བཞིན་དང་། ས་གནས་རང་བཞིན་གྱི་སྟབས་བདེ་བོའི་ཐོག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་དཀའ་བ་དེ་དངོས་ཡོད་གནས་ཚུལ་ཡིན།

དེས་ན་ང་ཚོའི་བསམ་པར། ང་ཚོས་དཔེ་མཛོད་ཡག་པོ་ཞིག་བཙུགས་ཏེ། བོད་ཀྱི་གནའ་དེང་གི་རིག་གནས་སྣ་ཚོགས་ལ་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་སྐྲུན་ཐུབ་པ་ཡིན་ན། གོང་གི་དཀའ་ངལ་མང་དག་ཅིག་སེལ་ཐུབ་པར་མ་ཟད། བོད་མི་སྐྱབས་བཅོལ་བ་གནས་སྡོད་བྱེད་སའི་རྒྱལ་ཁབ་ཀྱི་མི་སེར་དང་། བོད་མི་སྐྱབས་བཅོལ་བ་ཕན་ཚུན་བར་རྒྱུས་ལོན་དང་ཤེས་རྟོགས་ཇེ་ཆེར་སོང་བ་ལ་བརྟེན་ནས་ཕན་ཚུན་བར་གྱི་མཛའ་འབྲེལ་ཇེ་ཟབ་ཏུ་འགྲོ་བར་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་ཡིན་ལ། ཕྱོགས་གཞན་ཞིག་ནས་བོད་ཀྱི་སེམས་ཁམས་རིག་པ་དང་འབྲེལ་བའི་རིག་གཞུང་དེ་དག་གིས། དུས་རབས་ཉེར་གཅིག་པའི་ཡར་ཐོན་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་མི་མང་བོ་ཞིག་ལ་སེམས་ཀྱི་དཀའ་ངལ་འཕྲད་བཞིན་པ་སེལ་རོགས་བྱེད་པ་ལའང་ཕན་ཐོགས་ངེས་ཅན་འབྱུང་རྒྱུ་ཡིན།

གཉིས་པ། ལས་འཆར་ཁག་ཅིག

༡། ཐོག་མར་ང་ཚོས་གང་མགྱོགས་ངང་དཔེ་མཛོད་ཁང་ཞིག་འཛུགས་སྐྲུན་བྱས་ཏེ། དེའི་ནང་དུ་ཚོགས་མི་རང་རང་ལ་ཡོད་པའི་དཔེ་ཆ་ཁག་གིས་རྨང་གཞི་བྱས་ཏེ། རྒྱ་གར་དང་བོད། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་བོད་ཀྱི་སྐད་ཡིག་དང་། ནང་ཆོས། ལོ་རྒྱུས། འཕྲོད་བསྟེན། སྐར་རྩིས། སྒྲ་དང་ཚད་མ་རིགས་པ་སོགས་ཀྱི་དཔེ་ཆ་ཉོ་སྒྲུབ་ཀྱིས་འདི་གའི་མི་མང་ལ་ལྟ་ཀློག་བྱེད་པའི་གོ་སྐབས་བསྐྲུན་རྒྱུ།

༢། འཇར་མན་དང་། ཧྥན་རན་ཆི། དབྱིན་ཡིག སི་པན་ནི་ཞི་སོགས་ཡིག་རིགས་གཞན་པའི་ནང་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་དཔེ་དེབ་འཚོལ་བསྒྲུབ་ཀྱིས་མི་མང་གི་མངོན་འདོད་བསྐང་རྒྱུ།

༣། ཐའི་ཝན་དང་ཧོང་ཁོང་སོགས་ནས་ཡ་རབས་མི་ཆོས་དང་འབྲེལ་བའི་དཔེ་དེབ་འཚོལ་སྒྲུབ་བྱས་ཏེ། ས་གནས་ཀྱི་རྒྱ་རིགས་ཚོ་ལའང་དཔེ་ཆ་ལྟ་ཀློག་གི་མཐུན་རྐྱེན་བསྐྲུན་རྒྱུ།

༤། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཡོད་པའི་བོད་རིགས་བྱིས་པ་ཚོར་གུང་སེང་སོགས་དུས་ཚོད་ནམ་ཡོད་ལ་བོད་སྐད་སློིབ་ཁྲིད་བྱེད་རྒྱུ།

༥། ས་གནས་ཡུལ་མི་དང་མི་རིགས་གཞན་པའི་ནང་བོད་ཀྱི་སྐད་ཡིག་ལ་སྦྱོང་འདོད་ཡོད་མཁན་ཚོར་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་རྒྱུ།

༦། ཆོས་ལུགས་རིས་མེད་ཀྱི་མི་རྣམས་ལ་སྒོམ་རྒྱག་སའི་ཆ་རྐྱེན་བསྐྲུན་རྒྱུ།

༧། གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་ཀྱི་བླ་ཆེན་དང་དགེ་བཤེས་མཁས་པ་ཁག་གདན་འདྲེན་ཞུས་ཏེ། ས་གནས་མི་དམངས་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལ་བཀའ་སློབ་དང་ལམ་སྟོན་གནང་དུ་འཇུག་རྒྱུ།

༨། སུད་སི་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་སེར་སུ་ལའང་དབྱེ་ཁྱད་མེད་པར་གོང་གི་མཐུན་རྐྱེན་ཁག་བསྐྲུན་ཐབས་བྱེད་རྒྱུ།

༩། བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པའི་ནུབ་ཕྱོགས་ཀྱི་ཁྱད་མཁས་མི་སྣ་གདན་འདྲེན་ཞུས་ཏེ་བོད་དང་འབྲེལ་བའི་གནས་ཚུལ་སློབ་སྟོན་གནང་དུ་འཇུག་རྒྱུ།

༡༠། བོད་ཀྱི་ལོ་སར་དང་དུས་ཆེན་ཁག་ཏུ་དོ་སྣང་ཡོད་པའི་ས་གནས་ཀྱི་མི་རིགས་རྣམས་དུས་སྟོན་ལ་མཉམ་རོལ་གནང་དུ་འཇུག་རྒྱུ།

༡༡། བོད་ཀྱི་སྲོལ་རྒྱུན་ལ་ཡོད་པའི་གླུ་གར་དང་རོལ་དབྱངས། ཞབས་བྲོ། དེ་བཞིན་འཆམ་སོགས་ཀྱི་དུས་སྟོན་བཀོད་སྒྲིག་བྱེད་རྒྱུ།

༡༢། ནུབ་ཡུ་རོབ་ཏུ་གནས་སྡོད་བྱེད་པའི་བོད་ཀྱི་རི་མོའི་སྒྱུ་རྩལ་བ་ཚོར་རི་མོ་འགྲེམས་སྟོན་གྱི་གོ་སྐབས་འབུལ་རྒྱུ།

༡༣། དུས་ཚོད་ནམ་ཡོད་ལ་བོད་དང་འབྲེལ་བའི་གློག་བརྙན་དང་གཟིགས་འབུལ་ཞུ་རྒྱུ།

 

གསུམ་པ། དྲ་བརྙན་སྡེ་ཚན།

 

དེང་སང་བོད་ནང་གི་གཞོན་སྐྱེས་ཤེས་ལྡན་པ་ཕལ་ཆེར་ལ་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ། སྒྱུ་རྩལ་བ། རྩོམ་པ་བོ། ཆབ་སྲིད་པ་སོགས་གྲགས་ཆེན་མི་སྣ་ཁག་དང་། དེ་དག་གིས་གསར་བཏོད་ཀྱི་བྱས་རྗེས་ཁག དེ་བཞིན་ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་དམངས་གཙོའི་ལམ་ལུགས་དང་། གཞུང་དང་མི་དམངས་ཀྱི་བར་གྱི་འབྲེལ་ལམ། སྤྱི་ཚོགས་ཐོག་གི་མི་སེར་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་སོགས་ཀྱི་གནས་ཚུལ་ཤེས་འདོད་ཧ་ཅང་ཆེན་པོ་ཡོད་ཀྱང་། ད་དུང་དེ་དག་གི་སྐོར་ཤེས་དགོས་ན་རྒྱ་ཡིག་གཅིག་རང་ལ་བརྟེན་པ་ལས་གཞན་པའི་ཐབས་ལམ་རག་གིན་མེད་སྟབས། ང་ཚོས་དྲ་ཐོག་ཏུ་(online tv)གོང་གི་གནས་ཚུལ་རྣམས་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། ཕྱོགས་གཅིག་ནས་བོད་ནང་གི་གཞོན་སྐྱེས་ཤེས་ལྡན་པ་ཚོས་ནུབ་ཕྱོགས་དཔལ་ཡོན་དར་འཕེལ་གྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་འབྱུང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དེ་དག་གི་ལེགས་ཆ་བླངས་ཏེ་བོད་ནང་གི་ལས་རིགས་མང་བོ་ཡར་རྒྱས་སུ་གཏོང་བའི་སྒོ་མོ་འབྱེད་པའི་ནུས་པའང་ཐོན་རྒྱུ་ཡིན།

 

བཞི་བ། ད་ལྟ་གཏན་འཁེལ་བྱེད་མི་ཐུབ་པའི་རོབ་འཆར་ཁག་ཅིག

 

༡། བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་ཡང་། ད་དུང་ང་ཚོར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་གསུང་རབ་ཁག་གི་ཐ་སྙད་ཆ་ཚང་འདུས་པའི་ཚིག་མཛོད་ཚད་ལྡན་ཞིག་མེད་པའི་དབང་གིས། ནང་བའི་ཆོས་ལ་སློབ་སྦྱོང་བྱེད་མཁན་ཚོར་ཚིག་གི་གོ་དོན་འགྲེལ་བཤད་བྱས་པའི་ཟུར་ལྟའི་ཚིག་མཛོད་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད། རིམ་གྱིས་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ཏེ། རབ་བྱུང་ན་རྒྱ་གར་དང་བོད་ནང་གི་ཆོས་རྒྱུད་ཁག་གི་དགོན་སྡེ་ཚོར་དངུལ་གྱི་མཐུན་རྐྱེན་བསྐྲུན་ཏེ་ཆོས་རྒྱུད་ཁག་རང་རང་གི་ཚིག་མཛོད་ཀྱི་མ་གཞི་བཟོ་བཅུག་སྟེ། ང་ཚོའི་དཔེ་མཛོད་ཁང་གིས་མཐའ་མའི་ཞུས་དག་དང་རྩོམ་སྒྲིག་ཚད་ལྡན་བྱས་ཏེ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ལྟ་བུར་དཔར་སྐྲུན་བྱེད་བཅུག་པ་ཡིན་ན། ཕྱོགས་གཅིག་ནས་འཛམ་གླིང་ཐོག་གི་ནང་བསྟན་ཆོས་ལུགས་ལ་སློབ་སྦྱོང་བྱེད་མཁན་རྣམས་ཀྱི་དཀའ་ངལ་སེལ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དཔེ་མཛོད་ཀྱི་རྒྱུན་གྲོན་ཡོང་འབབ་ལ་ཁ་གསབ་བྱེད་པའི་ནུས་པ་ཐོན་རྒྱུ་ཡིན།

༢། དེ་བཞིན་ད་དུང་ཡང་ང་ཚོར་བོད་ཀྱི་ལོ་རྒྱུས་རིག་པའི་ཚིག་མཛོད་གཅིག་ཀྱང་བྱུང་མྱོང་མེད། དེའི་ཐོག་ལའང་ང་ཚོས་གོང་ལྟར་བསམ་གཞིགས་བྱེད་ཆོག་པ་ཡིན།

༣། ད་ལྟའི་བོད་ནང་གི་འབྲོག་པ་དང་ཞིང་བའི་ས་ཁུལ་ཁག་གི་བུད་མེད་མང་བོ་ཞིག་གྲང་གཞི་དང་མོ་ནད་ཀྱི་རྐྱེན་པས་དར་ཤི་རྒྱག་མཁན་ཧ་ཅང་མང་བོ་ཡིན་ལ། ཁོང་ཚོར་ནུབ་ཕྱོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཔེ་དེབ་སྟབས་བདེ་ཕབ་བསྒྱུར་གྱིས་འགྲེམས་སྤེལ་བྱེད་ཐུབ་པ་ཡིན་ན་དངོས་ཡོད་ཀྱི་དཀའ་ངལ་མང་དག་ཅིག་སེལ་རྒྱུ་ཡིན།

༤། དེ་བཞིན་རག་དུག་(HIV AIDS)གི་ན་ཚ་ངན་པ་ཁག་ལ་འཛེམས་ཟོན་བྱེད་མ་ཤེས་པའི་དབང་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁྱབ་གདལ་དུ་འགྲོ་བཞིན་པའི་ན་ཚ་མང་བོ་ཞིག་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ནང་དུ་ཁྱབ་སྤེལ་འགྲོ་བཞིན་པ་དེ་ཚོར་ཕན་པའི་འགོག་སྲུང་གི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་ཀྱི་དཔེ་དེབ་ཕབ་སྒྱུར་བྱེད་ཐུབ་ན་དགེ་མཚན་ཆེ།

༥། བོད་མི་ཚོས་རང་གི་ས་ཞིང་འདེབས་ལས་བེད་སྤྱོད་གཏོང་རྒྱུ་ཇེ་ཉུང་དུ་བཏང་ནས། དེང་དུས་ཀྱི་རྫས་ལྷད་སྣ་ཚོིགས་བསྲེས་པའི་རྒྱ་ནག་གི་ཟ་མ་ཁྱད་མཚར་རིགས་ཟ་འཐུང་བྱེད་རྒྱུ་ཧ་ཅང་མང་བའི་དབང་གིས། ན་གཞོན་ཕལ་ཆེར་ལ་ཕོ་བ་དང་མཁལ་མའི་ན་ཚ་ཕོག་གིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་སྟབས། རང་རང་གི་ཞིང་སའི་སྟེང་སྐྱེ་ལྡན་སོ་ནམས་(Organic Product)འདེབས་ལས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་གྱི་ཡིག་ཆ་མཁོ་འདོན་བྱེད་རྒྱུ།

༦། དེང་དུས་བོད་ནང་དུ་རྩོམ་རིག་གསར་བའི་ཐོག་ཁྱད་འཕགས་འབུར་ཐོན་མི་སྣ་རེ་ཟུང་འབྱུང་གིན་ཡོད་པ་ཚོའི་བརྩམས་ཆོས་དྲག་འདེམས་ཀྱིས་དབྱིན་ཡིག་སོགས་ནུབ་ཕྱོགས་ཀྱི་སྐད་ཡིག་ཆེ་ཁག་ཏུ་བསྒྱུར་ཏེ་རྒྱལ་སྤྱིའི་ཚོགས་སུ་བོད་ཀྱི་དེང་རབས་རྩོམ་རིག་ངོ་སྤྲོད་བྱེད་རྒྱུ།

༧། རབ་བྱུང་ན་བོད་ནང་གི་གཞོན་སྐྱེས་གཞན་སྣ་མཁས་པ་དང་། རྩོམ་རིག་མཁས་པ་སོགས་ལ་བྱ་དགའ་གཟེངས་རྟགས་འབུལ་བའི་ལམ་སྲོལ་གསར་བཏོད་བྱེད་རྒྱུ།

གོང་གི་ལས་འཆར་དེ་དག་ནི་གལ་སྲིད་དངུལ་གྱི་མཐུན་རྐྱེན་འབྱོར་ན་ང་ཚོས་བསྒྲུབ་ཐུབ་ཅིང་། བསྒྲུབས་ན་དོན་སྙིང་ཆེན་པོ་ལྡན་པའི་ལས་གཞི་ཁག་ཅིག་ཡིན་ལ། ད་དུང་ང་ཚོའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་ཀ་རྣམས་གྲུབ་ཟིན་པའི་རྗེས་སུ་གོ་བསྡུར་བརྒྱུད་དེ་དོན་ཕན་ལྡན་པའི་ལས་འཆར་མང་བོ་གསར་བཟོ་བྱེད་ཐུབ་པ་ལ་ཡིད་ཆེས་དང་གདེང་ཚོད་ཆ་ཚང་ཡོད།

 

ལྔ་བ། མཐའ་སྡོམ།

 

འཛམ་གླིང་གི་སྔོན་ཐོན་མི་རིགས་ཕལ་ཆེར་གྱིས་མི་བསྐྱེད་བསྲིང་བྱེད་རྒྱུ་ཨང་དང་བོར་བཞག་ཡོད་ལ། ཁོང་ཚོས་རིག་གཅིག་རྐང་འཛིན་གྱི་མི་སྣ་བསྐྱེད་བསྲིང་བྱས་པའི་གྲུབ་འབྲས་ལ། ནམ་མཁའི་དབྱིངས་སུ་འཕུར་ཐུབ་པ་དང་། རྒྱ་མཚོའི་གཏིང་ཞབས་སུ་འཛུལ་ཐུབ་པ། འཛམ་གླིང་ཤར་ནུབ་བར་དྲ་བ་སྣ་ཚོགས་ཀྱིས་སྦྲེལ་ཏེ་མི་ཕན་ཚུན་བར་འབྲེལ་ལམ་བྱེད་སྟབས་ཧ་ཅང་བདེ་བའི་དུས་རབས་འདི་འདྲ་ཞིག་ཏུ་སླེབས་ཡོད།

ང་ཚོ་བོད་ཀྱིས་ལོ་ངོ་སྟོང་ཕྲག་གི་རིང་ལ་དགོན་སྡེ་འཛུགས་སྐྲུན་དང་སྐུ་གསུང་ཐུགས་རྟེན་བཞེངས་སྐྲུན་བྱེད་རྒྱུ་ཁོ་ན་ལས། ཐ་ན་ཆུ་ཆེན་ཟམ་པ་བརྟན་པོ་ཞིག་ཀྱང་འཛུགས་སྐྲུན་བྱེད་མ་ཐུབ་པར་རྨ་ཆུ་དང་འབྲི་ཆུ་སོགས་ཆུ་ཀླུང་ཆེན་པོ་དེ་དག་གི་ཕར་ཚུར་ལ་འཚོ་གནས་བྱེད་མཁན་གྱི་སྡེ་ཚོ་དག་གི་བར་ལ་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པར་མ་ཟད། ང་ཚོས་དགོན་སྡེ་ཁག་གི་ཆོས་ལུགས་ལ་མཁས་པའི་ཆོས་པ་མང་བོ་ཞིག་བསྐྱེད་བསྲིང་བྱས་པ་ལས་གཞན། སྤྱི་ཚོགས་ཀྱི་རིག་གནས་ལ་མཁས་པའི་མི་སྣ་བསྐྱེད་བསྲིང་བྱས་མེད། སྤྱི་ཚོགས་ཧྲིལ་བོ་འཛུགས་སྐྲུན་མ་བྱས་པར་དགོན་སྡེ་ཁོ་ན་འཛུགས་སྐྲུན་བྱས་པའི་དབང་གིས། ཆིང་རྒྱལ་རབས་དང་། གོ་མིང་ཏང་། དེ་བཞིན་གུང་ཁྲན་ཏང་གིས་དམག་དཔུང་བཏང་སྟེ་དགོན་སྡེ་རྣམས་གཏོར་བཤིག་བཏང་ཚར་སྐབས། ང་ཚོར་སྤྱི་ཚོགས་ཀྱི་རིག་གནས་མང་བོ་ལྷག་གིན་མེད་པའི་ལོ་རྒྱུས་ཀྱི་བསླབ་བྱ་ཟབ་མོ་ཐོབ་ཡོད།

རྒྱུ་མཚན་དེ་དག་གི་དབང་གིས་ད་ལྟ་ང་ཚོས་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་ཨང་དང་བོར་བཞག་སྟེ། བོད་རང་གི་སྐད་ཡིག་དང་རིག་གནས་ལ་མཁས་པའི་ཤེས་ལྡན་མི་སྣ་གང་མང་ཞིག་བསྐྱེད་བསྲིང་བྱེད་པའི་ཆ་རྐྱེན་བསྒྲུབ་པ་ཡིན་ན། བོད་མི་རིགས་འདི་མུ་མཐུད་ནས་འཇིག་རྟེན་ཐོག་འཚོ་གནས་བྱེད་ཐུབ་པའི་ཞབས་འདེགས་རླབས་ཆེན་སྒྲུབ་ཀྱིན་ཡོད།

 

 

 

bottom of page