
ཡུ་རོབ་བོད་ཀྱི་དཔེ་མཛོད་ཁང་།
European Tibetan Cultural Library
སྙན་ངག་གི་ཕ་ཁྱིམ་དུ་གཏམ་བཤད།
ཧོར་གཙང་འཇིགས་མེད།
སྤྱི་ལོ་༢༠༡༤ ཟླ་༢ ཚེས་༥ ལོ་སར་ཚེས་༡ ཉིན།
འོ་ཡ། ང་ཧོར་གཙང་འཇིགས་མེད་ཡིན། དེ་རིང་སྙན་ངག་གི་ཕ་ཁྱིམ་ནང་མཉམ་ཞུགས་གནང་མཁན་གྱི་དྲ་གྲོགས་ཡོངས་ལ་ལོ་སར་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། དེ་རིང་ཞོགས་པ་ང་རང་གཉིད་ལ་ཤོར་ནས་སྐད་ཆ་བཤད་རྒྱུར་སྐར་མ་ཁ་ཤས་ཤིག་རྗེས་ལུས་ཐེབས་འདུག་པས་དྲ་གྲོགས་ཚང་མ་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
དེ་རིང་གི་ང་ཚོའི་གཏམ་བཤད་ཀྱི་བརྗོད་གཞི་ནི་ཁ་སང་སྔོན་མ་ནས་ཁྱབ་བསྒྲགས་བྱས་ཟིན་པ་ལྟར། ལས་དང་བོ་བ་ཞིག་གིས་སྙན་ངག་ལ་ཇི་ལྟར་སྦྱང་རྒྱུའི་སྐོར་རེད། ངས་གཏམ་བཤད་དངོས་གཞི་མགོ་མ་བཙུགས་པའི་སྔོན་ལ་ཁྱེད་རྣམ་པར་གསལ་བོ་བྱས་ནས་ཞུ་དགོས་པ་ཞིག་ནི། ང་ལ་སྙན་ངག་དང་གཞུང་ལུགས་ཀྱི་སྐོར་ལ་གཏིང་ཟབ་མོ་དང་སྐད་ཆ་ཡ་མཚན་པོ་དེ་འདྲ་གཅིག་ཀྱང་ཞུ་རྒྱུ་མེད། དེའི་རྐྱེན་གྱིས་གལ་སྲིད་དེ་འདྲའི་རེ་བ་ཆེན་པོ་རྒྱག་མཁན་འདྲ་ཚོགས་པ་འདིའི་ནང་དུ་ཡོད་པ་ཡིན་ན་ཁོང་ཚོར་བློ་ཕམ་ཀྱང་འབྱུང་སྲིད་པ་རེད་བསམ་གྱིན་འདུག ངས་དེ་གཅིག་བཤད་ན་འདོད་བྱུང་། གཉིས་ནི་དེ་རིང་གི་ངས་བཤད་རྒྱུའི་སྐད་ཆ་དེ་མགོ་མཇུག་དང་གོ་རིམ་ཡོད་པ། གཞུང་ལུགས་ཀྱི་རང་བཞིན་ལྡན་པའི་ཧ་ཅང་ཞིབ་ཚགས་པོ་དེ་འདྲ་བཤད་ཐུབ་ས་མ་རེད། དེ་ཡིན་དུས་ང་ཚོའི་སྐད་ཕྲིན་གྱི་ཚོགས་པ་འདིའི་ཐོག་ན་སྙན་ངག་དང་རྩོམ་རིག་གི་གཞུང་ལུགས་སོགས་ལ་མཁྱེན་རྒྱ་ཡངས་པའི་བོད་ཕྱི་ནང་གི་མཁས་པ་མང་བོ་ཞིག་ཡོད་པ་འདྲ། ལྷན་རྒྱས་རྣམ་པ་ཚོས་ངས་བཤད་ཁུལ་བྱས་པ་ལ་ཉན་པ་ཡིན་ན་དུས་ཚོད་འཕྲོ་བརླག་ཏུ་འགྲོ་སྲིད་པ་རེད་ལ། གཞུང་ལུགས་སོགས་ལ་མང་བོ་སྦྱངས་མྱོང་ཡོད་མཁན་ཚོ་དེ་རིང་གི་ཆུ་ཚོད་ཕྱེད་ཀ་འདིའི་རིང་ལ་མཉམ་ཞུགས་གནང་ན་ཕན་ཐོགས་ཡོད་རྒྱུ་མ་རེད་བསམ་གྱིན་འདུག
དེ་ནས་ང་རང་འདྲ་བོ་ཡིན་ན་སྔར་གསར་བུ་ཡིན་དུས་སྙན་ངག་འཆལ་ལེ་འཆོལ་ལེ་དེ་འདྲ་བྲིས་པ་རེད་མ་གཏོགས་སྙན་ངག་དང་ལྷག་པར་དུ་རྩོམ་རིག་གི་གཞུང་ལུགས་ལ་སྦྱངས་མྱོང་མེད་ལ། རྩོམ་གཞུང་དེ་ཚོར་ལྟ་རྒྱུ་དགའ་བོ་ཡོད་མཁན་ཞིག་ཀྱང་མིན། ལྷག་པར་དུ་སྙན་ངག་དང་རྩོམ་རིག་གི་གཞུང་ལུགས་ལྟ་བུ་གཞན་ལ་འཆད་ཁྲིད་བྱས་པའི་ཉམས་མྱོང་ཡོད་མཁན་དེ་འདྲ་ཡང་མིན། དེ་འདྲ་ཡིན་སྟབས་རྩོམ་རིག་གི་གཞུང་ལུགས་གཞི་ལ་བཞག་སྟེ། སྙན་ངག་སོགས་འདི་འདྲ་འབྲི་དགོས་པ་རེད། དེ་འདྲ་འབྲི་རྒྱུ་ཡོད་པ་མ་རེད་ཟེར་བ་ལྟ་བུའི་སྐད་ཆ་དང་ལམ་སྟོན་ཞུ་ཤེས་ཀྱིན་མེད།
ངས་དེ་རིང་འདིར་གསར་སློབ་པ་ཚོར་སྙན་ངག་ཇི་ལྟར་སྦྱང་ཚུལ་གྱི་སྐོར་ལ་སྐད་ཆ་ཁ་ཤས་བཤད་ན་འདོད་པའི་རྒྱུ་རྐྱེན་ག་རེ་ཡིན་ནམ་ཞེ་ན། འདས་པའི་ཟླ་ངོ་གཉིས་ཙམ་གྱི་རིང་ལ་སྐད་ཕྲིན་འདིའི་ཐོག་ལ་བོད་ཕྱི་ནང་གི་མི་གྲངས་བཞི་བརྒྱ་མ་ཟིན་ཙམ་གྱིས་འབྲེལ་བ་གནང་བྱུང་ལ། དེའི་ནང་གི་མང་ཆེ་ཤོས་ཀྱིས་སྔོན་ཆད་ང་རང་གིས་འབྲི་ཁུལ་བྱས་པའི་སྙན་ངག་དང་རྩོམ་ཡིག་ཁག་ཀློག་མཁན་ཡིན། བཀླགས་མྱོང་ཡོད། ཀློག་རྒྱུར་དགའ་བོ་ཡོད། ད་ལྟ་རང་རང་སོ་སོ་སྙན་ངག་པ་ཞིག་བྱེད་འདོད་ཡོད། སྙན་ངག་ལ་སྦྱོང་འདོད་ཡོད་ཀྱང་། སྙན་ངག་ལ་ཇི་ལྟར་སྦྱང་ཚུལ་ཤེས་ཀྱིན་མི་འདུག སྙན་ངག་ཇི་ལྟར་སྦྱངས་ན་ཡག་པོ་ཡོད་མེད་སྐོར་ལམ་སྟོན་བྱེད་རོགས་ཟེར་མཁན་མང་ཤོས་རེད། དེ་འདྲའི་རེ་བ་རྒྱག་མཁན་གྱི་ནང་ན་དགོན་པ་ཁག་གི་གྲྭ་བ་འདུག་ལ། སློབ་གྲྭ་ཆེ་འབྲིང་གི་སློབ་མའང་འདུག དེ་མིན་སྤྱི་ཚོགས་ཐོག་གི་མི་གཞན་པ་བཅས་རིགས་སྣ་ཚོགས་ཤིག་འདུག དེའི་དབང་གིས་དེ་རིང་འདིར་གསར་སློབ་པ་ཞིག་གིས་སྙན་ངག་ལ་ཇི་ལྟར་སྦྱང་ཚུལ་སྐོར་ལ་སྐད་ཆ་བཤད་རྒྱུ་དེ་གལ་ཆེན་དུ་མཐོང་སོང་། ཡིན་ནའང་ངས་དེ་རིང་འདིར་ཁོང་རྣམ་པར་ཕན་ཐོགས་པའི་ལམ་སྟོན་ཞིག་འབུལ་ཐུབ་པའི་སྤོབས་པ་སླེབས་ཀྱིན་མིན་འདུག་མོད། འོན་ཀྱང་ངས་དེ་རིང་རང་གི་ཉམས་མྱོང་དང་བསམ་ཚུལ་ཁག་ཅིག་བསམ་བློ་གཏོང་སའི་ས་བོན་གྱི་ཚུལ་དུ་ང་ཚོའི་གྲལ་དཀྱིལ་ལ་བཞག་ན་བསམ་པའི་བསམ་བློ་འཁོར་སོང་།
ང་ཚོ་ཚང་མས་ངེས་དགོས་པའི་དོན་དག་གཅིག་ཡོད་པ་ནི། དེང་སང་གི་འཇིག་རྟེན་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར་བྱས་ན། སྙན་ངག་ཟེར་བ་འདི་ཆེད་དུ་མངགས་ནས་སྦྱང་རྒྱུ་ཡོད་དང་མེད་ཟེར་བ་དེ་རེད། འདིའི་ཐོག་ལ་འཇིག་རྟེན་ཤར་ནུབ་ཁག་ཏུ་ལྟ་ཚུལ་མི་མཐུན་པ་དེ་འདྲ་ཡོང་གིན་ཡོད་པ་འདྲ། དེའི་ནང་གི་རིགས་གཅིག་གིས་བཤད་ན། སྙན་ངག་ཅེས་པ་དེ་གཞུང་ལུགས་ཤིག་ལ་བརྟེན་ནས་སྦྱང་དགོས་པ་དང་སྦྱང་རྒྱུ་ཡོད་པ་ཞིག་མ་རེད་ཟེར་གྱིན་ཡོད་པ་འདྲ་ལ། སྙན་ངག་ཟེར་བ་དེ་འབྲི་བ་ལ་ཡི་གེ་ཤེས་དགོས་པ་སྨོས་མེད་ཀྱི་ཐོག ཡི་གེ་ཤེས་ཀྱིན་ཤེས་ཀྱིན་རང་གི་སྦྱངས་སྟོབས་དང་མི་ཚེའི་ཉམས་མྱོང་། སེམས་ཀྱི་ཚོར་བ་དེ་ཚོ་གཅིག་ཏུ་སྦྲེལ་ཏེ་ཡིག་ཐོག་ལ་ཕབ་ན་དེ་ཉིད་སྙན་ངག་རེད། དེ་རིག་པའི་གཞུང་ལུགས་ཀྱི་ལམ་ནས་སྦྱོང་རྒྱུ་མེད་པའི་འདོད་ཚུལ་འཛིན་གྱིན་ཡོད་པ་འདྲ། ད་དུང་རྒྱ་ནག་ལྟ་བུ་དང་དེ་མིན་གྱི་ལུང་བ་གཞན་མང་བོ་ཞིག་ལའང་སྙན་ངག་ཞེས་པ་དེ་ང་ཚོའི་སྙན་གཞུང་མེ་ལོང་མ་ལྟ་བུའི་གཞུང་ལུགས་ཤིག་ལ་བརྟེན་ནས་སྦྱོང་རྒྱུ་ཕལ་ཆེར་མེད་པའི་བཟོ་འདྲ་བོ་ཞིག་འདུག ང་རང་གི་ངོས་ནས་ཁོང་ཚོའི་བཤད་སྟངས་ལ་ཉན་ཅིང་བསམ་སྟངས་ལ་དཔྱད་ཡོང་དུས། གནམ་གྲུ་འཕུར་བ་ལྟ་བུ་ཞིག་ཏུ་མཐོང་གིན་འདུག དཔེར་ཆ་བཞག་ན། ཐོག་མར་ཡི་གེ་འབྲི་ཀློག་ལ་སྦྱངས། དེ་ནས་ཡི་གེ་མང་བོ་བྲིས། དེ་ནས་མཁས་པ་གཞན་གྱིས་བརྩམས་པའི་དཔེ་དེབ་སྣ་ཚོགས་དང་ལྷག་པར་རྩོམ་རིག་དང་འབྲེལ་བའི་དཔེ་དེབ་ཁག་མང་བོར་ལྟ་ཀློག་བྱས་ཀྱིན་བྱས་ཀྱིན་མྱོང་བྱང་ཐོབ་སྟེ། བར་མཚམས་ཤིག་ལ་རང་བཞིན་གྱིས་རྩོམ་ཡིག་སྤྱི་དང་ལྷག་པར་སྙན་ངག་དེ་རང་ཤུགས་ཀྱིས་ཡོང་ཐུབ་པ་ལྟ་བུ་ཞིག་སྟེ། གནམ་གྲུ་འཕུར་སྟངས་ལ་ཆ་བཞག་ཀྱང་། ཐོག་མར་གནམ་གྲུའི་ནང་དུ་སྣུམ་བླུགས། དེ་ནས་མེ་ཁ་གསོས། དེ་ནས་སྣུམ་ཤུགས་ཇེ་ཆེར་བཏང་། དེ་ནས་འཕུར་ཐང་དུ་རྒྱུག་གིན་རྒྱུག་གིན་ཇེ་མགྱོགས་ལ་སོང་ནས་ཚད་གཞི་ངེས་ཅན་ཞིག་ལ་སླེབས་སྐབས་བར་སྣང་དུ་འཕུར་ཐུབ་པ་ལྟ་བུ་དང་ཆ་འདྲ་བ་ཞིག་ཚོར་གྱིན་འདུག་ལ་མིག་ལམ་དུ་དེ་འདྲ་ཞིག་འཆར་གྱིན་འདུག
ད་འུ་ཚོ་བོད་ལྟ་བུ་ལ་ཆ་བཞག་ན། སྙན་གཞུང་མེ་ལོང་མ་ལ་བརྟེན་ནས་སྙན་ངག་སྦྱང་བའིོ་ལུགས་སྲོལ་དེ་དར་ཁྱབ་བྱུང་བ་རེད། ས་སྐྱ་པཎ་ཌི་ཏའི་མཁས་འཇུག་ཏུ་སྙན་ངག་མེ་ལོང་མའི་དུམ་བུ་གང་ལ་གང་འཚམ་ཞིག་བསྒྱུར་ཏེ་བཀོད་ཡོད་པ་རེད། དེ་ནས་ཤོང་ལོ་ཙྭ་བ་རྡོ་རྗེ་རྒྱལ་མཚན་དང་། དཔང་བློ་གྲོས་བརྟན་པ་གཉིས་ཀྱིས་སྙན་གཞུང་མེ་ལོང་མ་ཡོངས་རྫོགས་བོད་དུ་བསྒྱུར་ནས་འཆད་ཉན་གྱི་སྲོལ་བཏོད་པ་རེད། དེ་ལ་བརྟེན་ནས་བོད་དུ་སྙན་གཞུང་མེ་ལོང་མ་ལ་སྦྱོང་རྒྱུའི་ལུགས་སྲོལ་བྱུང་བ་རེད་ལ། ལམ་སྲོལ་འདི་བྱུང་ནས་ཕལ་ཆེར་ལོ་བདུན་བརྒྱ་ཡར་མར་འགྲོ་བཞིན་ཡོད་པ་རེད།
ཡིན་ནའང་དེང་སང་འདིའི་ཐོག་ལ་བསམ་ཚུལ་མི་མཐུན་པ་མང་བོ་ཡོད་པ་རེད། སྔོན་ཆད་བྱུང་བའི་བོད་ཀྱི་མཁས་པ་སྤྱི་དང་ལྷག་པར་འཆད་རྩོད་རྩོམ་གསུམ་གནང་མཁན་ཞིག་ཡིན་ན། ངེས་པར་དུ་སྙན་གཞུང་མེ་ལོང་མ་ལ་སྦྱང་དགོས་ཀྱིན་ཡོད་པ་ལྟ་བུའི་ལུགས་སྲོལ་བྱུང་བ་རེད། སྙན་ངག་མེ་ལོང་མ་དེ་བོད་དུ་དར་ཁྱབ་ཆེན་པོ་བྱུང་བའི་དབང་གིས་དེ་ལ་འགྲེལ་བ་རྩོམ་མཁན་དང་། མཐའ་དཔྱད་གནང་མཁན། མཆན་བུ་འདེབས་མཁན་སོགས་མང་བོ་ཞིག་བྱུང་བ་རེད།
ཡིན་ནའང་དེང་དུས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ཟམ་གདོང་རིན་པོ་ཆེས་དེ་ལ་དྲི་བ་ཁག་ཅིག་བཏོན་ཡོད་པ་རེད། ག་རེ་བྱས་ནས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་གི་བོད་ཀྱིས་མཁས་པ་དང་ལོ་ཙྭ་བ་ཚོས་རྒྱ་གར་ནས་སྙན་གཞུང་བོད་བསྒྱུར་བྱེད་སྐབས་མེ་ལོང་མ་འདི་བདམས་པ་ཡིན་ནམ། སྐབས་དེར་རྒྱ་གར་དུ་སྙན་གཞུང་མང་བོ་ཞིག་ཡོད་པའི་ནང་ནས་མེ་ལོང་མ་འདི་དམིགས་བསལ་གྱི་སྙན་གཞུང་དྲག་ཤོས་དང་ཡག་ཤོས་ཤིག་ཀྱང་མ་རེད། བོད་ཀྱི་མཁས་པ་ཚོས་ག་རེ་བསམ་ནས་འདི་བདམས་པ་དང་བསྒྱུར་བ་ཡིན་ནམ་ཞེས་དོགས་འདྲི་གནང་ཡོད་པ་དེ་ངས་ད་ལྟ་དྲན་གྱིན་འདུག ཡིད་ཕངས་པ་ཞིག་ལ། ཁོང་གིས་དེ་ལྟ་བུའི་དོགས་འདྲི་གནང་བ་ཙམ་ལས། སྐབས་དེར་རྒྱ་གར་དུ་མེ་ལོང་མ་ལས་གཞན་པའི་སྙན་གཞུང་དྲག་ཤོས་གང་དང་གང་ཡོད་པ་དང་། དེ་དག་གི་ཁྱད་ཚོས་སོགས་ངོ་སྤྲོད་གནང་མེད་ཅིང་། སྐབས་དེར་ཡོད་པའི་རྒྱ་གར་གྱི་སྙན་གཞུང་འདི་ལྟ་བུ་ལ་ཁྱད་ཆོས་འདི་འདྲ་ཡོད་པ་རེད། དེ་བོད་བསྒྱུར་བྱས་པ་ཡིན་ན། མེ་ལོང་མ་ལས་ལྷག་པའི་ཁྱད་ཆོས་འདི་དང་འདི་ལྟ་བུ་ཐོན་ཐུབ་པ་སོགས་ཟུར་ཙམ་ཡང་མ་གསུངས་པ་དེ་རེད།
གང་ལྟར་མདོ་དོན་ཡང་སྙིང་སྤྱི་ལོ་༡༩༥༨ ལོའི་བར་དུ་བོད་ཀྱིས་སྙན་གཞུང་མེ་ལོང་མར་སྦྱངས་ནས་ཡོང་བ་རེད། དེ་ནས་ལོ་ངོ་ཉི་ཤུ་ཡར་མར་ཞིག་གི་རིང་ལ། བོད་མི་ཚོར་རང་གི་རིག་གནས་ལ་སྦྱོང་རྒྱུའི་གོ་སྐབས་མེད་སོང་བ་རེད། སྤྱི་ལོ་༡༩༧༩ ཙམ་ལས་སླར་ཡང་བོད་མི་རྣམས་ལ་རང་གི་རིག་གནས་སྦྱོང་བའི་གོ་སྐབས་ཤིག་ཐོབ་པ་རེད་ལ། སྐབས་དེར་སྔར་གྱི་མཁས་པ་རྒན་པ་ཁག་ཅིག་དང་དགོན་སྡེ་ཁག་ཏུ་མུ་མཐུད་ནས་སྙན་གཞུང་མེ་ལོང་མར་སྦྱང་གིན་ཡོད་པ་ང་ཚོ་ཚང་མས་ཧ་གོ་བ་དེ་འདྲ་རེད། ཡིན་ནའང་སྤྱི་ཚོགས་ཐོག་གི་སློབ་གྲྭ་ཁག་དང་། ཡིག་སྒྱུར་ཁང་གི་ནང་དུ་ལས་ཀ་བྱེད་མཁན། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་དཔར་སྐྲུན་ཁང་ཁག་ཅིག་དང་། གཞུང་གི་ལས་བྱེད་པ་བཅས་བོད་ཀྱི་རིག་གནས་དང་རྩོམ་རིག་གི་ཐོག་ལ་ཆ་ཤས་ལེན་མཁན་གྱི་སྡེ་ཁག་གཞན་པ་ཞིག་བྱུང་བ་རེད་ལ། ཁོང་ཚོའི་ཁྲོད་དུ་སྙན་ངག་ལ་སྦྱོང་སྐབས་མེ་ལོང་མ་ལ་བརྟེན་ནས་སྦྱོང་དགོས་པ་ལ་མོས་མཐུན་མི་བྱེད་མཁན་མང་བོ་ཞིག་འབྱུང་གིན་ཡོད་པ་རེད།
ལྷག་པར་དུ་ལོ་རབས་བརྒྱད་ཅུ་བའི་དཀྱིལ་དང་། དགུ་བཅུ་བ། ཁ་སང་དེ་རིང་གི་སྤྱི་ཚོགས་ཁྲོད་ཀྱི་བོད་མི་གཞོན་སྐྱེས་སྙན་ངག་པ་དང་རྩོམ་པ་བོ་མང་བོ་ཞིག་གིས། ཁ་ཡར་གྲག་མར་གྲག་ལ་སྙན་གཞུང་མེ་ལོང་མ་འདིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་གནོད་ཚབས་ཆེན་པོ་བཟོས་པ་དང་། བོད་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་གེགས་དང་བར་ཆད་ཆེན་པོ་བྱས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག་ལ། ཉེ་ཆར་བོད་ནས་ཡོང་མཁན་གྱི་ངའི་གྲོགས་པོ་གཞོན་སྐྱེས་རྩོམ་པ་བོ་ཁག་ཅིག་ཡོད། ཁོང་ཚོའི་ནང་གི་ཕལ་ཆེ་བ་ཞིག་གིས་རྩོམ་ཡིག་ཅིག་བྲིས་ཡོང་དུས། སྙན་གཞུང་མེ་ལོང་མ་འདི་མི་བཟང་བ་དང་། འདིས་བོད་ཀྱི་རྩོམ་རིག་ལ་གནོད་བསྐྱལ་རབས་ཞིག་མ་བཤད་ན། ཕལ་ཆེར་རྩོམ་ཡིག་འབྲི་མི་ཤེས་པ་ལྟ་བུ་བྱེད་ཀྱིན་འདུག ངས་ཁོང་ཚོ་ལ་རྩེད་མོ་དང་སྦྲགས་ནས། ཁྱོད་ཚོ་སྙན་གཞུང་མེ་ལོང་མ་ལ་སྦྱང་འདོད་མེད་ན་དེ་ལ་མ་སྦྱངས་ན་འགྲིག་གི་རེད། དེ་ལ་བལྟ་འདོད་མེད་ན་དེ་ལ་མ་བལྟས་ན་འགྲིག་གི་རེད། འོན་ཀྱང་མེ་ལོང་མའི་སྟེང་ལ་དེ་འདྲའི་ཁོང་ཁྲོ་སྐྱེས་དགོས་དོན་ག་རེ་འདུག་ཅེས་བཤད་རྒྱུ་བྱུང་། མདོར་བསྡུས་ན་ང་ཚོ་ཁ་སང་དེ་རིང་གནས་སྟངས་དེ་འདྲ་ཞིག་གི་ནང་ལ་གནས་ཡོད།
གནས་སྟངས་དེ་འདྲ་ཞིག་ཡིན་སྟབས་འདིར་ང་ཚོས་ང་ཚོར་དྲི་བ་གཏོང་དགོས་པ་དེ་ནི། གལ་སྲིད་ང་ཚོས་སྙན་གཞུང་མེ་ལོང་མ་འདི་ལ་སྦྱངས་ན་ཕན་ཐོགས་ཡོད་དང་མེད་པ་དེ་རེད་བསམ་གྱིན་འདུག དེར་བརྟེན་ངས་གོང་དུ་བཤད་པ་ལྟར་ང་རང་ལ་སྙན་ངག་སྦྱོང་སྟངས་ཐོག་ལ་དམིགས་བསལ་གྱི་གདམས་ངག་དེ་འདྲ་བཤད་རྒྱུ་མེད་མོད། ང་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན་ན། རྩོམ་རིག་གཅིག་རང་གི་གནད་དོན་མ་རེད། དེང་དུས་ཀྱི་ང་ཚོའི་འཇིག་རྟེན་འདིའི་ཐོག་ན། སྤྱི་ཚོགས་དང་། ཆབ་སྲིད། རྩོམ་རིག་སོགས་ལས་རིགས་ཡོངས་རྫོགས་ལ་སྒྲོམ་གཞི་འདོད་མཁན་དང་མི་འདོད་མཁན་རིགས་གཉིས་འབྱུང་གིན་ཡོད་པ་རེད། དཔེར་ན་རྒྱལ་ཁབ་སྐྱོང་སྟངས་འདྲ་བོ་ཞིག་ཡིན་ནའང་རིགས་གཅིག་གིས། རྒྱལ་ཁབ་དེ་ལ་གཞུང་བཙུགས། ཁྲིམས་བཟོས་ཏེ་མི་དམངས་ལ་སྟངས་འཛིན་བྱས་ན་མི་འགྲིག་པར། རྒྱལ་ཁབ་དེའི་མི་སེར་རྣམས་ཀྱིས་རང་རང་གི་མངོན་འདོད་དང་མཐུན་པའི་འཚོ་བར་རོལ་དགོས་པར་འདོད་མཁན་མང་བོ་ཞིག་འབྱུང་གིན་ཡོད་ལ། དེ་བཞིན་སྒྲོམ་གཞི་མེད་པའི་སྤྱི་ཚོགས་འདོད་མཁན་དང་། སྒྲོམ་གཞི་མེད་པའི་རྩོམ་རིག་འདོད་མཁན་སོགས་མང་བོ་ཞིག་འབྱུང་གིན་ཡོད། དེར་བརྟེན་ལུང་བ་མང་བོ་ཞིག་དང་མི་མང་བོ་ཞིག་གི་ནང་ན་སྒྲོམ་གཞི་ཡོད་པའི་རྩོམ་རིག་ལ་འདོད་མོས་མི་བྱེད་མཁན་མང་བོ་ཞིག་འབྱུང་གིན་ཡོད་པ་འདྲ།
སྙན་གཞུང་མེ་ལོང་མ་ལྟ་བུ་ལ་བརྟེན་ནས་སྙན་ངག་སྦྱང་རྒྱུ་དེ་སྒྲོམ་གཞི་ཡོད་པའི་སྙན་ངག་སྦྱང་སྟངས་ཤིག་རེད་ལ། ང་རང་སྒེར་ལ་ཆ་བཞག་ན། གསར་སློབ་ལས་དང་བོ་བ་ཞིག་ལ་མཚོན་ན་སྒྲོམ་གཞི་ཡོད་པ་དང་མེད་པའི་སྦྱོང་སྟངས་གཉིས་ལས་སྒྲོམ་གཞི་ཡོད་པ་དེ་ཅུང་ཟད་སྟབས་བདེ་བ་མེད་འགྲོ་བསམ་གྱིན་འདུག དེའི་རྒྱུ་མཚན་ནི། མི་རྒས་འཁོགས་སམ་རྐང་བ་ཐིང་བོ་མེད་མཁན་ཞིག་འགྲོ་སྐབས་འཁར་རྒྱུག་ཡོད་པ་ཡིན་ན། དེ་ལ་བརྟེན་ནས་འགྲོ་སྐྱོད་བྱེད་ཐུབ་ཀྱིན་ཡོད་པ་ལྟར། ལས་དང་བོ་བ་ཚོར་བརྟེན་ས་ཞིག་ཡོད་པ་ཡིན་ན་འཇུག་བདེ་བ་ཡོང་ཐུབ་ཅིང་། དེ་ནས་རང་གི་འབྲི་རྩལ་གྱི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་ནས་ཡོང་སྐབས་མུ་མཐུད་ནས་མེ་ལོང་མའི་སྒྲོམ་གཞིའི་ནང་འཛུལ་ནས་མི་ཚེ་སྐྱེལ་དགོས་དོན་མེད།
ང་ཚོས་འདིར་བཤད་བཞིན་པའི་སྙན་ངག་སྦྱོང་བའི་སྒྲོམ་གཞི་དེ་མེ་ལོང་མ་རེད། སྤྱིར་བཏང་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་སྙན་ངག་དང་སྙན་གཞུང་གཉིས་ལ་མུ་བཞི་བཞག་ནས་བཤད་སྲོལ་བྱུང་ཡོད། དེའི་ནང་གི་སྙན་གཞུང་ཡིན་ལ་སྙན་ངག་མ་ཡིན་པའི་མུ་ལ་མེ་ལོང་མ་ལྟ་བུ་འཇོག་གིན་ཡོད། ཡིན་ནའང་སྙན་གཞུང་མེ་ལོང་མར་ངེས་ཆ་ཡོད་མཁན་དང་། དེས་བསྟན་པའི་རྒྱན་དྲུག་བརྒྱ་དང་ང་དྲུག་པོར་འདྲིས་ཆ་ཡོད་ཅིང་ཞིབ་ཚགས་པོ་བྱས་ནས་སྦྱངས་མྱོང་མཁན་ཞིག་ཡིན་ན། མེ་ལོང་མ་དེ་ཉིད་སྤྱི་ལྡོག་གི་ཆ་ནས་སྙན་གཞུང་ཞིག་རེད་དེ། དེའི་ནང་གི་རྒྱན་རེ་རེའི་རྩོམ་སྟངས་ཀྱི་ཁྱད་ཆོས་ལ་བལྟས་ཡོང་ན། དཔེར་བརྗོད་དེ་དག་གི་ནང་དུ་ཕུན་སུམ་ཚོགས་པའི་སྙན་ངག་མང་བོ་ཞིག་མཐོང་རྒྱུ་ཡོད། དེ་ཚོའི་རྩོམ་རྩལ་དེ་ཕལ་ཆེར་གནའ་དེང་གི་བོད་ཀྱི་སྙན་ངག་མཁན་སུས་ཀྱང་ཐོན་མ་ཐུབ་པའི་ཚིག་སྦྱོར་ཡིད་འཕྲོག་པོ་མང་བོ་ཡོད། ང་སྒེར་ངོས་ནས་དེ་འདྲའི་ཚོར་སྣང་བྱུང་སོང་།
མདོར་བསྡུས་ཏེ་བཤད་ན། ང་རང་སྒེར་ངོས་ནས་སྙན་ངག་ལ་འཇུག་མཁན་ལས་དང་བོ་བ་ཞིག་ཡིན་ན། སྙན་གཞུང་མེ་ལོང་མ་འདི་ལྟ་བུར་སྦྱངས་ནས། དཔེར་བརྗོད་༦༥༦ ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། སྤྱིར་བཏང་གི་རྩོམ་རིག་དང་སྙན་ངག་ལ་ངེས་ཤེས་དང་གོ་རྟོགས་ཇེ་ཆེར་འགྲོ་བའི་ཕན་ཐོགས་འབྱུང་རྒྱུ་ངེས་ཅན་རེད། དེས་ན་ལས་དང་བོ་བ་ཚོར་སྒྲོམ་གཞི་ཡོད་མེད་གཉིས་ལས་ཡོད་པ་དེ་ཡག་པོ་ཡོད་པའི་བསམ་ཚུལ་བྱུང་སོང་།
དེ་ནས་གོང་དུ་བཤད་པའི་བསྐུལ་མ་གནང་མཁན་ཚོས་ལས་དང་བོ་བ་ཞིག་གིས་སྙན་ངག་གི་གཞུང་ལ་སྦྱངས་པ་ཡིན་ན། གཞུང་གང་ལ་སྦྱངས་ན་ཡག་པོ་ཡོད་མེད་སྐོར་ལ་དྲི་བ་མང་བོ་གཏོང་བཞིན་འདུག ངའི་བསམ་ཚུལ་ལ་སྙན་ངག་གི་གཞུང་གང་ལ་སྦྱང་རྒྱུ་ལ་ཁྱད་པར་ཆེན་པོ་མེད། སྔོན་ཆད་བོད་ཀྱི་སྙན་ངག་ཁྲིད་སྟངས་ལ་ཆ་བཞག་ན། མདོ་སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིད་རྒྱུན་ལྟ་བུ་ཡིན་ན། སྤྱི་ལོ་༡༩༥༨ ལོའི་བར་དུ་རྒྱལ་དབང་ལྔ་བ་ཆེན་མོའི་སྙན་ངག་གི་ཁྲིད་རྒྱུན་བཞུགས་ཤིང་། དེ་ནས་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནས་བརྒྱུད་པའི་ཁྲིད་རྒྱུད་ཀྱང་བཞུགས་པ་ཡིན་ཀྱང་། སྙན་གཞུང་མེ་ལོང་མའི་འགྲེལ་བཤད་ཀྱི་སྐོར་དེ་རྒྱལ་དབང་ལྔ་བས་མཛད་པའི་དབྱངས་ཅན་དགྱེས་གླུ་གཙོ་བོར་བྱེད་ཀྱིན་ཡོད། དེའི་རྒྱུ་མཚན་ནི། རྒྱལ་དབང་ལྔ་བ་ཆེན་མོས་སྙན་གཞུང་མེ་ལོང་མའི་རྩ་བར་འགྲེལ་བཤད་བརྒྱབ་པ་དེ་ཧ་ཅང་ཐུང་ངུ་ཞིག་ལས་མེད་ཀྱང་། དེ་ཉིད་གནད་དུ་སྨིན་པ་དང་དོག་འདྲིལ་བོ་དེ་འདྲ་ཞིག་ཡིན་པ་འདྲ། དེའི་རྐྱེན་གྱིས་འགྲེལ་བཤད་དེའི་སྟང་ནས་ཁྲིད་སྲོལ་བྱུང་ཡོད་མོད། དཔེར་བརྗོད་དེ་གཙོ་བོ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་དཔེར་བརྗོད་ཁྲིད་པའི་ལུགས་སྲོལ་བྱུང་ཡོད། སྔར་གྱི་མཁས་པ་ཚོར་གྲགས་པ་ནི། བོད་མཁས་པ་འདི་སེང་གེ་རྫིག་པའི་ཚོད་ཀྱིས་རལ་བ་མེད་ཟེར་སྲོལ་བྱུང་ཡོད། དེའི་རྒྱུ་མཚན་ནི། ཁོང་གི་རྩོམ་གཤིས་ལ་ཚིགས་བཅད་ཧ་ཅང་ཡག་པོ་ཡོད་ཀྱང་ཚིག་ལྷུག་ཡག་པོ་མེད་ཟེར་སྲོལ་བྱུང་ཡོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བལྟས་ཀྱང་། ཁོང་གི་ལྷུག་རྩོམ་དེ་ཙམ་གྱིས་ཡག་པོ་མེད། རྡོ་རྗེ་རྒྱལ་བོའི་སྙན་གཞུང་དེའི་རྩ་བའི་འགྲེལ་བཤད་ཀྱང་ཕལ་ཆེར་བོད་མཁས་པའི་དེ་ཇི་མ་ཇི་བཞིན་བཤུས་བཞག་པ་ལྟ་བུ་ཞིག་འདུག་ལ། དེ་ཡང་ཧ་ཅང་ཡག་རྒྱུ་མེད་པ་དེ་འདྲ་ཞིག་རེད།
གང་ལྟར་མདོ་དོན་ཡང་སྙིང་གསར་སློབ་པ་ཞིག་ཡིན་ན། རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ་ལྟ་བུའི་ཐོག་ནས་སྦྱངས་ན་འགྲིག་གིན་ཡོད་ལ། དེ་བཞིན་བོད་མཁས་པའི་སྙན་འགྲེལ་ལྟ་བུ་དང་། དེ་བཞིན་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི་སྙན་གཞུང་དང་། དེ་བཞིན་བསེ་ཚང་གི་ཚངས་སྲས་བཞད་པའི་སྒྲ་དབྱངས་ལྟ་བུ་གང་རུང་ཞིག་གི་སྟེང་ནས་སྦྱངས་ན་ཁྱད་པར་ཆེན་པོ་གང་ཡང་མེད། དེ་དག་ཕལ་ཆེར་རྩོམ་རིག་ལ་མཁས་པའི་མཁས་པ་ཆེན་པོ་དེ་དག་གིས་རྒྱུན་རིང་བོར་སྙན་ངག་ལ་སྦྱངས། རིག་པའི་གཞུང་ལུགས་ལ་སྦྱངས། རྩོམ་རིག་ལ་སྦྱངས་ནས་ཉམས་མྱོང་ཡོད་མཁན་ཤ་སྟག་ཡིན་སྟབས་དེ་དག་གང་རུང་ཞིག་གི་སྟེང་ནས་སྦྱངས་ན་ཁྱད་པར་ཆེན་པོ་མེད་པ་ཡིན། འོན་ཀྱང་ལས་དང་བོ་བ་ཞིག་གིས་ཁམས་འབྲུག་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་སྙན་གཞུང་ལ་སྦྱངས་ན་དཀའ་ངལ་གང་འཚམ་ཡོད་རྒྱུ་རེད། སྤྱིར་བཏང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྙན་གཞུང་དེའི་དཔར་སྐྲུན་སྔོན་གླེང་དུ་ཁྱད་ཆོས་མང་བོ་བཤད་ཡོད་པ་ལྟར་སྙན་གཞུང་རྨད་དུ་བྱུང་བ་ཞིག་ཡིན་ཀྱང་། དེའི་ནང་དུ་མཐའ་དཔྱོད་དང་དོགས་སློང་། དགག་བཞག་གི་རྣམ་བཞག་མང་བོ་ཞིག་ཡོད་སྟབས་གསར་སློབ་པ་ཞིག་ལ་དེ་ཙམ་གོ་བདེ་བོ་དང་འཇུག་བདེ་བོ་ཡོད་ཁག་པོ་རེད་བསམ་གྱིན་འདུག
དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་པའི་སྙན་གཞུང་གི་སྡོམ་ལྟ་བུ་ཚིགས་བཅད་ཀྱི་ལམ་ནས་བརྩམས་པ་ཞིག་ཡོད། ཞིབ་ཏུ་བལྟས་ན་རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ་རྩ་འགྲེལ་ཡོངས་རྫོགས་དཀྱུས་གཅིག་ཏུ་བསྡོམས་བཞག་པ་ལྟ་བུ་ཞིག་ཡིན། སྙན་གཞུང་དེའི་ནང་དུ་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་གསུམ་ངོས་འཛིན་གནང་ཡོད། རྒྱུ་གསུམ་ལས་གཅིག་ནི་མི་ཞིག་ཐོག་མར་སྐྱེས་ཡོང་དུས་ནས་ལྷན་སྐྱེས་སུ་ཡོད་པའི་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པ་དེ་ལ་ཟེར་གྱིན་འདུག དེ་ནི་མི་ཞིག་ལ་རང་བཞིན་ལྷན་སྐྱེས་སུ་སྙན་ངག་གི་སེམས་ཁམས་ཕྱུག་པོ་ཡོད་པ་དང་སྙན་ངག་འབྲི་བའི་རྩལ་ཕུན་སུམ་ཚོགས་པ་ཡོད་པ་དེ་ལ་ཟེར་གྱིན་ཡོད། རྒྱུ་གཞན་ཞིག་ནི་ལྷག་པའི་ལྷ་དབྱངས་ཅན་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུ་བསྟེན་ནས་ཤེས་རབ་ཀྱི་དངོས་གྲུབ་བརྙེས་རྒྱུ་དེ་རེད། བཤད་སྟངས་འདི་བོད་དུ་དར་བའི་ནང་བ་སངས་རྒྱས་པའི་གཞུང་གི་བཤད་སྟངས་ཤིག་རེད། རྒྱུ་གསུམ་པ་དེ་གཞུང་ལུགས་མང་དུ་ཐོས་པ་སྟེ། དེང་སང་གི་སྐད་ཆ་བཤད་སྟངས་བྱས་པ་ཡིན་ན། གནའ་དེང་གི་རྩོམ་རིག་དང་འབྲེལ་བའི་དཔེ་ཆ་མང་བོ་ལ་སྦྱངས་པ་སྟེ། དཔེར་ན་སྙན་གཞུང་དང་སྙན་ངག དེ་མིན་གྱི་དཔེ་ཆ་མང་བོ་བཀླགས། དེ་ནས་རྩོམ་ཡིག་སྣ་ཚོགས་བྲིས་པ་ལས་ཐོབ་པའི་སྙན་ངག་གི་འབྲི་རྩལ་དེ་ལ་ཟེར་གྱིན་ཡོད་པ་རེད། སྔར་བཤད་སྲོལ་ཡོད་པའི་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་གསུམ་ནི་དེ་དག་རེད། ཡིན་ནའང་དེང་སང་རིག་གནས་སྦྱངས་སྟངས་དང་། རིག་གནས་ལ་གོ་བ་ལེན་སྟངས། འཇིག་རྟེན་ལ་ལྟ་སྟངས། ཆོས་ལུགས་ལ་ངོས་འཛིན་བྱེད་སྟངས། མིའི་བསམ་བློ་འཁོར་སྟངས་སོགས་ལ་འགྱུར་བ་ཧ་ཅང་མང་བོ་ཞིག་ཐེབས་ཚར་བ་རེད། དེ་ཡིན་དུས་རྗེ་བཙུན་འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མ་ལྟ་བུ་བསྒྲུབས་ན་སྙན་ངག་ཡག་པོ་ཡོང་བར་བཤད་ན། ཕལ་ཆེར་མི་ཁག་ཅིག་ལ་གད་མོ་འཆོར་སྲིད་པ་རེད། དེ་ནི་ད་ལྟའི་ང་ཚོ་འཚོ་གནས་བྱེད་པའི་དུས་རབས་དང་ཁོར་ཡུག་དེ་འདྲ་ཞིག་ཆགས་ཟིན་པ་རེད། དེ་ཡིན་དུས་སྙན་ངག་གི་རྒྱུ་གཅིག་དེ་ཁས་ལེན་མཁན་ཡོད་རྒྱུ་རེད་ལ། ཁས་མི་ལེན་མཁན་ཡང་ཡོད་རྒྱུ་རེད་དེ། དེ་ཁས་བླངས་ཀྱང་ཆོག་ལ་མ་བླངས་ཆོག དེ་ལ་ཁྱད་ཅི་ཡང་མེད། མདོ་དོན་ངས་གོང་དུ་བཤད་པའི་རྒྱུ་གསུམ་གྱི་ནང་ནས་ཐ་མ་དེ་ཕལ་ཆེར་རྒྱ་ནག་གི་སྙན་ངག་སྦྱོང་སྟངས་དང་ཡུལ་ལུང་གཞན་འགའ་ཤས་ཀྱི་སྙན་ངག་སྦྱོང་སྟངས་དང་སྙན་ངག་ལ་གོ་བ་ལེན་སྟངས་དང་གཅིག་མཚུངས་ལྟ་བུ་ཡིན་པ་འདྲ། བདག་གི་བློ་ལ་འཐད་ཤོས་སམ་ལས་དང་བོ་བ་ཚོས་སྙན་ངག་ལ་སྦྱོང་དུས་ཕན་ཐོགས་ཆེ་ཤོས་དེ་རེད་བསམ་གྱིན་འདུག གོང་དུ་བཤད་པ་ལྟར་ཐོག་མར་སྙན་གཞུང་གང་རུང་ཞིག་བདམས། དེ་ལ་དཔྱིས་ཕྱིན་པ་ཞིག་སྦྱངས། རྒྱན་སོ་སོའི་དཔེར་བརྗོད་དེ་དག་བྲིས། དེ་བཞིན་དཔེར་བརྗོད་གཅིག་རང་མ་ཡིན་པའི་རྩོམ་ཡིག་འདྲ་མི་འདྲ་བྲིས་ནས་ཡོང་དུས། དེ་ལ་བརྟེན་ནས་རང་གིས་རྩོམ་འབྲི་བའི་བྱང་ཚད་ཇེ་བཟང་ལ་སོང་གིན་སོང་གིན་རྩོམ་ཕུན་སུམ་ཚོགས་པ་འབྲི་ཐུབ་པའི་གནས་ཚད་ཡོང་གིན་ཡོད་རྒྱུ་རེད། དེའི་རྐྱེན་གྱིས་རྒྱུ་གསུམ་བཤད་པའི་ནང་གི་རྒྱུ་ཐ་མ་དེ་ཧ་ཅང་གལ་ཆེན་པོ་ཡིན་རྒྱུ་རེད། དེའི་རྒྱུ་མཚན་ནི། སྐྱེས་ཐོབ་ཀྱི་ཤེས་རབ་ཡོད་དང་མེད་ཟེར་དུས་ང་ཚོའི་མི་མང་ཆེ་ཤོས་ལ་དེ་འདྲའི་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་སྙན་ངག་གི་རྒྱུ་གསུམ་པ་དེ་ཧ་ཅང་གལ་ཆེན་རེད། གོང་དུ་བཤད་པ་ལྟར་ཚངས་སྲས་བཞད་པའི་སྒྲ་དབྱངས་ལྟ་བུའི་སྙན་གཞུང་ཞིག་ལ་བརྟེན་ནས་སྦྱངས་པ་ཡིན་ན་དགེ་མཚན་དུ་མ་ཡོད་དེ། དེ་ནི་ཁ་གསལ་ཞིང་ཕྱི་རྩོམ་ཡིན་སྟབས་གནའ་དེང་གི་མཁས་པ་མང་བོ་ཞིག་གི་ལེགས་བཤད་ཕུན་སུམ་ཚོགས་པ་བསྡུས་ཡོད་ཅིང་། བསེ་ཚང་ཁོང་ཉིད་སྙན་ངག་ཕུན་སུམ་ཚོགས་པ་འབྲི་ཐུབ་མཁན་གྱི་སྐུ་ཡོན་ཆེན་པོ་རེད་ལ། སློབ་གྲྭའི་དགེ་རྒན་རྒྱུན་རིང་གནང་ནས་སྙན་ངག་དང་རྩོམ་རིག་འཆད་ཁྲིད་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པའང་ཡོད་སྟབས། སྙན་གཞུང་དེ་འདྲ་ཞིག་གི་ཐོག་ནས་སྦྱངས་པ་ཡིན་ན་དགེ་མཚན་ཆེན་པོ་རེད་འདོད།
དེ་རིང་འདིར་བཤད་འདོད་པའི་སྐད་ཆ་གཅིག་ནི། སྔར་བཅར་འདྲི་ཞིག་གི་སྐབས་སུའང་བཤད་རྒྱུ་བྱུང་ལ་དེ་རིང་ཡང་བསྐྱར་འདིར་བཤད་འདོད་བྱུང་། གོང་དུ་བཤད་པ་ལྟར་རེད། སྙན་ངག་གི་གཞུང་གང་ཞིག་གི་སྟེང་ནས་སྦྱང་མ་སྦྱང་ཟེར་བ་དེ་ལ་ཁྱད་པར་ཆེན་པོ་མེད་ཀྱང་། གཙོ་བོ་སྙན་ངག་གི་གཞུང་གཅིག་ལ་ངེས་ཆ་དཔྱིས་ཕྱིན་པ་བཏང་ནས་སྦྱང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། སྤྱིར་བཏང་སྙན་ངག་གི་མེ་ལོང་ལ་ཞིབ་ཏུ་བལྟས་ན་ལྟ་རྒྱུ་མང་བོ་ཡོད་ལ། ལྷག་པར་དུ་ལེའུ་དང་བོ་ལ་ལྟ་རྒྱུ་ཧ་ཅང་མང་བོ་ཡོད། ལེའུ་དང་བོའི་ནང་དུ་སྙན་ངག་གི་གཞུང་ཡོངས་རྫོགས་ཀྱི་གནད་འགག་བསྡུས་ཡོད་ལ། སྙན་ངག་གི་རྩོམ་ལུས་བཅད་ལྷུག་སྤེལ་མ་ཡོངས་རྫོགས་ཀྱང་དེའི་ནང་དུ་སྟོན་གྱིན་ཡོད། ལེའུ་དང་བོ་དེ་ཡག་པོ་ཞིག་མ་ཤེས་ཕྱིན་ལེའུ་ཕྱི་མ་གཉིས་ཀྱི་དཔེར་བརྗོད་ཙམ་འཇོག་པ་ལས་སྤྱི་ཁོག་བློ་ལ་འཆར་མི་ཐུབ། དེ་ནས་ལེའུ་དང་བོ་ལ་གཏིང་ཟབ་པོའི་ཐོག་ནས་འགྲེལ་བཤད་བརྒྱབ་ཡོད་པ་གཅིག་རང་ལས་ད་སྔ་མཐོང་མྱོང་མེད། འགྲེལ་བཤད་གཅིག་དེ་ནི་གཉའ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་སྙན་ངག་གི་རང་མདངས་སྐྱ་རེངས་གསར་བ་ཞེས་པ་དེ་རེད། དེ་ནི་ཕལ་ཆེར་ཁོང་གིས་ནུབ་བྱང་མི་རིགས་སློབ་གླིང་དུ་ཞིབ་འཇུག་སློབ་མ་གནང་བའི་མཐར་ཕྱིན་དཔྱད་རྩོམ་ཡིན་ས་རེད། དེ་ནི་སྙན་ངག་མེ་ལོང་མའི་ལེའུ་དང་བོ་ལ་གཏིང་ཟབ་ས་ནས་འགྲེལ་བཤད་བརྒྱབ་པ་དང་གོ་བ་བླངས་ཡོད་པའི་དཔེ་ཆ་གཅིག་ངས་མཐོང་བ་ནི་དེ་ཉིད་ཡིན། དེ་ཡིན་ཙང་འདི་ལྟ་བུ་ལ་བལྟས་ནས་མེ་ལོང་མའི་ལེའུ་དང་བོ་ལ་ངེས་ཆ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད།
དེ་ནས་ལེའུ་གཉིས་པར་བསྟན་པའི་དོན་རྒྱན་སོ་ལྔའི་དཔེར་བརྗོད་དག་གི་མཚན་ཉིད་དང་དབྱེ་བ། ཐུན་མོང་མ་ཡིན་པའི་འབྱེད་ཆོས་རྣམས་ལ་ཞིབ་ཕྲ་སྦྱང་རྒྱུ་གལ་ཆེན་ཡིན་ལ། དེང་དུས་ཀྱང་ཁ་བརྡ་དྲ་བ་སོགས་སུ་ཟུང་ལྡན་སོགས་སྒྲ་རྒྱན་གྱི་རིགས་འབྲི་མཁན་མང་བོ་ཞིག་མཐོང་རྒྱུ་འདུག་པས་དེ་འདྲ་ལ་སྦྱངས་འདོད་ཡོད་ན་ལེའུ་གསུམ་པར་བཤད་པའི་ཟུང་ལྡན་གྱི་རྒྱན་སྦྱོར་སྟངས་ལ་སྦྱངས་ན་ཕན་ཐོགས་དང་བློ་བསྐྱེད་གང་ལ་གང་འཚམ་ཡོད་རྒྱུ་རེད། ལྷག་པར་ལེའུ་གསུམ་པར་བསྟན་པའི་གབ་ཚིག་གི་སྐོར་དེ་ཡང་ཁྱད་ཆོས་དམིགས་བསལ་བ་ཡོད་པ་ཞིག་ཡིན།
ངས་གོང་དུ་ཡང་ཡང་བཤད་པ་ལྟར། སྙན་གཞུང་གང་ཞིག་ལ་བརྟེན་ནས་སྦྱང་རྒྱུ་དེ་གལ་ཆེན་མིན་པར། གཞུང་གང་ཞིག་ལ་བརྟེན་ནས་སྦྱོང་གིན་ཡོད་པའི་གཞུང་དེ་ལ་ངེས་ཆ་དཔྱིས་ཕྱིན་པ་གཏོང་རྒྱུ་དེ་གལ་འགངས་ཆེ་ཤོས་དེ་ཡིན། དེའི་སྟབས་ཀྱིས་གུང་ཐང་བསྟན་པའི་སྒྲོན་མེས། དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །གསུངས་ཡོད་པ་དེ་དོན་དག་འདི་འདྲའི་ཐོག་ལ་གསུང་གིན་ཡོད། དེ་གསུང་བའི་གནད་འདྲ་བོ་དེ་ཅི་ཞིག་ལ་དམིགས་ནས་གསུང་གིན་ཡོད་པ་རེད་དམ་ཞེ་ན། མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་བྱེད་མཁན་ཞིག་ལ་དམིགས་ནས་གསུང་གིན་ཡོད་པ་རེད། གྲྭ་ས་ཁག་གི་སློབ་གཉེར་བྱེད་སྟངས་ལ་ཁྱད་པར་ཅུང་ཟད་ཡོད་རྒྱུ་རེད་དེ། གྲྭ་སའི་སློབ་གཉེར་བ་ཞིག་གིས་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་བྱེད་སྐབས། ཆོས་ཐོག་རེ་རེའི་སྐབས་སུ་བབ་པའི་གཞུང་བློ་ལ་འཛིན་དགོས་པ་དེ་ལ་ཐལ་ཕྲེང་ཟེར་ཞིང་། ཐོག་མར་དེ་ཉིད་བློ་ལ་བཟུང་ཞིང་དེ་ནས་དགེ་རྒན་གྱི་ས་ནས་དཔེ་ཁྲིད་ཞུས་ཏེ་ཐལ་ཕྲེང་གི་དོན་དག་ཤེས་ཐབས་བྱེད་དགོས་ལ། དེ་ནས་ཆོས་རའི་ནང་སོང་སྟེ་རྟགས་གསལ་གྱི་ལམ་ནས་རྩོད་པ་བྱེད་དགོས་ཀྱིན་ཡོད། གཞུང་གསར་ལྟ་བུ་ཡིན་ན་ཐལ་ཕྲེང་གི་སྟེང་ལ་ཟུར་བཀོལ་དགེ་འདུན་ཉི་ཤུ་དང་། གཞུང་གོང་གི་ཟུར་བཀོལ་རྟེན་འབྲེལ། སྐབས་དང་བོ་ནས་ཟུར་བཀོལ་དྲང་ངེས་ལྟ་བུ་སྟེ་ཆོས་ཐོག་རེ་རེ་བཞིན་ཐལ་ཕྲེང་དང་ཟུར་བཀོལ་ལ་ངེས་ཆ་གང་ལེགས་གཏོང་དགོས་པ་ལས། སྐབས་སུ་མ་བབ་པ་དཔེར་ན་རྔོག་བློ་ལྡན་གྱི་ཕར་ཕྱིན་གྱི་འགྲེལ་བ་རྔོག་ཊིཀ་ལྟ་བུ་དང་། རྣམ་དཔྱད་སྙིང་བོའི་རྒྱན་ལ་སོགས་པའི་བོད་གངས་ཅན་གྱི་ཕར་ཕྱིན་གྱི་གཞུང་འགྲེལ་མང་བོ་ཡོད་པ་དེ་དག་ལ་ལྟ་ཁུལ་བྱས་པ་ཡིན་ན། ཤེས་རབ་འཆལ་བའམ་འཁྲུགས་ནས་སྐབས་བབ་ཀྱི་གཞུང་དོན་ལ་ངེས་ཆ་གཏོང་མི་ཐུབ་སྟབས། ཐལ་ཕྲེང་ཟུར་བཀོལ་ལྟ་བ་ཡལ་བོར་ནས། ། ཞེས་གསུངས་པ་ཡིན། དེའི་མཇུག་ཏུ་སྡོམ་ལྟ་བུ་མཛད་པ་ནི། དེ་ཕྱིར་ཐད་ཀའི་གཞུང་ལ་གཅིག་ཏུ་འདྲིལ། ། གསུངས་ཡོད། རྒྱུ་མཚན་འདིའི་ཐོག་ནས་ང་ཚོས་སྙན་ངག་ལ་སྦྱང་སྐབས་ཀྱང་ཐོག་མར་སྙན་གཞུང་གཅིག་གི་ཐོག་ནས་སྦྱངས་ཏེ་ངེས་ཆ་བཏང་། སྙན་གཞུང་གཅིག་པོ་དེའི་བཤད་ཚུལ་རྣམས་དཔྱིས་ཕྱིན་པ་ངེས་ཟིན་པའི་རྗེས་སུ་ད་གཟོད་སྙན་གཞུང་གཞན་དག་ལ་བལྟས་པ་ཡིན་ན་བློ་བསྐྱེད་དང་ལེགས་ཆ་ལེན་ཐུབ་པ་ལས། ཐོག་མར་སྙན་གཞུང་གཅིག་ཀྱང་མ་ངེས་པར་སྙན་འགྲེལ་སྣ་ཚོགས་ལ་བལྟས་པ་ཡིན་ན། ཤེས་རབ་འཁྲུགས་ཏེ་ངེས་ཆ་གཏོང་མི་ཐུབ་པ་གསལ་བོ་ཡིན། དེས་ན་གཞུང་གཅིག་གཞི་ལ་བཟུང་སྟེ་ངེས་ཆ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། འདི་གཅིག་ཞུ་འདོད་བྱུང་།
ང་རང་ཉིད་ལྟ་བུ་ལ་མཚོན་ན་ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་གི་རིང་ལ་བོད་ཀྱི་གནས་ཁག་ཅིག་ལ་ཐེབས་ཆག་ཅིག་སྦྱངས་ཁུལ་བྱས་ནས་ཡོང་བ་རེད་དེ། ད་ལྟ་སེམས་ཐོག་ལ་ལག་པ་བཞག་སྟེ་བསམ་བློ་ཞིག་བཏང་བ་ཡིན་ན། གཞུང་ལུགས་གང་ལའང་ངེས་ཆ་མེད་པ་དང་། ཤེས་རྒྱ་མེད་པ། ས་ཆོད་མེད་པ། སྦྱངས་སྟོབས་ཀྱི་རྣམ་དཔྱོད་མེད་མཁན་ཞིག་ཆགས་ཡོད་པ་གསལ་བོར་རྟོགས་ཐུབ་ཀྱིན་འདུག ཡིན་ནའང་རིག་གཞུང་དེ་དག་ལ་སྦྱང་ཁུལ་བྱས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ནས་ཡོང་ན། ལོ་རྒྱུས་ཤིག་སྦྱང་རུང་། སྙན་ངག་ཅིག་སྦྱང་རུང་། སུམ་རྟགས་ཤིག་སྦྱངས་རུང་འགྲེལ་བ་གཅིག་གི་སྟེང་དུ་སྦྱང་རྒྱ་དེ་ཧ་ཅང་གལ་ཆེན་རེད། གཞུང་གཅིག་པོ་དེ་གསལ་བོ་བྱས་ནས་ངེས་ཟིན་པའི་མཚམས་སུ་འགྲེལ་བཤད་མི་འདྲ་བ་གཞན་ལ་བལྟས་པ་ཡིན་ན། ད་གཟོད་བློ་བསྐྱེད་དང་བསམ་བློ་གསར་བ་རྙེད་ཐུབ་པའི་དགེ་མཚན་ཡོད་པ་ཚོར་ཐུབ་ཀྱིན་འདུག དོན་དག་དེ་ཕལ་ཆེར་དེ་འདྲ་ཞིག་རེད།
གོང་དུ་བཤད་པ་བཞིན་སྙན་གཞུང་གང་རུང་ཞིག་གི་སྟེང་ནས་སྦྱངས་ཤིང་དཔེར་བརྗོད་དང་རྩོམ་ཡིག་བྲིས་ཏེ། རང་རྐྱ་གང་འཚམ་ཞིག་འཕེར་ཡོང་སྐབས་མུ་མཐུད་ནས་སྙན་གཞུང་དེ་ལ་བསྟུན་དགོས་དོན་མེད་ལ། སྙན་གཞུང་མེ་ལོང་མ་ལའང་བསྟུན་དགོས་དོན་མེད། མེ་ལོང་མ་དེ་སྙན་གཞུང་ཞིག་རེད། ཆོས་གཞུང་ཞིག་མ་རེད། ལྷག་པར་དུ་གསང་སྔགས་ཀྱི་དབང་ལུང་གནང་གིན་ཡོད་པ་མ་རེད། ཆོས་ཀྱི་གཞུང་ལུགས་ཡིན་ན། དེའི་ནང་དུ་དབང་དང་ལུང་། གདམས་པ་དང་མན་ངག་སོགས་སྣ་ཚོགས་ཤིག་ཡོད་ལ། ཐོག་མར་སྦྱོང་སྐབས་དང་སྦྱངས་ཟིན་པའི་རྗེས་གཉིས་ལ་ཁྱད་པར་མེད་པར། བསྲུང་བྱའི་དམ་ཚིག་སོགས་ཡོད་ཚད་མི་ཚེ་མ་རྫོགས་ཀྱི་བར་དུ་རྒྱུན་སྐྱོང་བྱེད་དགོས་པའི་ས་མཚམས་ཆུ་མཚམས་ཤིག་ཡོད་ཀྱང་། རྩོམ་རིག་སོགས་ཐ་སྙད་རིག་གནས་ལ་དེ་འདྲའི་གཉན་ཆ་དང་དམ་ཚིག་གི་སྐད་ཆ་མེད་སྟབས། མེ་ལོང་མ་ལ་བརྟེན་ནས་སྙན་ངག་ལ་སྦྱངས་ཟིན་པའི་རྗེས་སུ་ད་དུང་མུ་མཐུད་ནས་མེ་ལོང་མའི་རྒྱན་དྲུག་བརྒྱ་ལྔ་བཅུ་ང་དྲུག་གི་ནང་དུ་འཁོར་ནས་འདུག་དགོས་པའི་བསྲུང་བྱ་དང་དམ་ཚིག་གང་ཡང་མེད་པ་ཡིན་སྟབས། སོ་སོའི་རྣམ་དཔྱོད་འཆར་སྟངས་ལ་གཞིགས་ནས་རྩོམ་ལུས་མི་འདྲ་བ་གསར་བཏོད་བྱས་ཏེ་རྩོམ་ཡིག་གང་ཞིག་འབྲི་རྒྱུ་ལ་རང་དབང་ཆ་ཚང་ཡོད་པ་ཡིན།
བསྐྱར་དུ་ངས་དེ་རིང་འདིར་བཤད་འདོད་པའི་དོན་དག་གཞན་ཞིག་ཡོད་པ་ནི། བོད་ཕྱི་ནང་གི་དེང་དུས་ཀྱི་སྙན་ངག་མཁན་དང་རྩོམ་པ་བོ་མང་བོ་ཞིག་གིས། རྒྱ་གར་ནས་ཡོང་བའི་སྙན་གཞུང་མེ་ལོང་ལ་འདོད་མོས་བྱེད་ཀྱིན་མེད་ཅིང་བོད་ཀྱི་རྩོམ་རིག་ལ་གནོད་བསྐྱལ་རབས་ཁོ་ན་བཤད་ཀྱིན་འདུག་ཀྱང་། རྒྱ་ནག་དང་ནུབ་ཕྱོགས་ཀྱི་རྩོམ་རིག་གི་གཞུང་ལུགས་ཆ་ཚང་ལ་མ་ཚང་བ་དེ་འདྲའི་སྐོར་ཧ་ཅང་མང་བོ་བཤད་ཀྱིན་འདུག ང་རང་གི་གྲོགས་པོ་ངོ་ཤེས་རྩོམ་པ་བོ་དེ་ཚོའི་ནང་དུའང་ནུབ་ཕྱོགས་ཀྱི་རྩོམ་གཞུང་བཤད་ནས་སྡོད་མཁན་དེ་འདྲ་ཡོད། ཁོང་ཚོས་ནུབ་ཕྱོགས་དང་ལ་ཏིན་ཨ་མ་རི་ཁ་ལ་སོགས་པའི་རྩོམ་གཞུང་བཤད་ནས་སྡོད་ཀྱིན་འདུག་མོད། ང་རང་གི་བསམ་ཚུལ་བྱས་ན་རྩོམ་པ་བོ་དང་ལྷག་པར་སྙན་ངག་མཁན་ཞིག་ཡིན་ན། རྩོམ་རིག་གི་གཞུང་ལུགས་བཤད་རྒྱུ་མང་དྲགས་ན་མི་བཟང་སྙམ། རང་ཉིད་ཀྱིས་དེ་ཚོར་སྦྱངས་མྱོང་ཡང་མེད་ལ་ཤེས་ཀྱང་མི་ཤེས་མོད། སྤྱིར་བཏང་རྩོམ་རིག་གི་གཞུང་ལུགས་ཞེས་པ་དེ་ཁྲིམས་ལུགས་ཤིག་ཡིན་ལ། སྒྲུང་གཏམ་ལྟ་བུ་ལ་ཆ་བཞག་ནས་བཤད་ན། རྩོམ་གཞུང་གི་ནང་དུ་སྒྲུང་ཇི་ལྟར་འབྲི་དགོས་པའི་སྐོར་བཤད་ཀྱིན་ཡོད། སྒྲུང་གི་ནང་གི་མི་སྣ་དེ་ཇི་ལྟར་བཞེངས་སྐྲུན་བྱེད་སྟངས་དང་། དེའི་གཤིས་ཀ་ཇི་ལྟར་འབྲི་རྒྱུ། དེ་ལ་སྐད་ཆ་མང་ཉུང་ག་ཚད་བཤད་དུ་འཇུག་རྒྱུ། སྒྲུང་གི་ཡུལ་ལྗོངས་ཇི་ལྟར་འབྲི་དགོས་མིན་སོགས་སྒྲིག་ཁྲིམས་བཟོ་བཞིན་ཡོད། སྒྲུང་གི་མི་སྣར་གྱུར་པའི་མི་སྣ་ག་གེ་མོས་སྐད་ཆ་བཤད་ན་མང་མི་རུང་བའམ། ཡང་ན་ཉུང་མི་རུང་ལྟ་བུ་བཤད་ཀྱིན་ཡོད་པ་དེས་རང་བཞིན་གྱིས་སྒྲུང་རྩོམ་འབྲི་མཁན་གྱི་རྣམ་དཔྱོད་དང་དེས་བྲིས་པའི་སྒྲུང་གཉིས་ཆ་ལ་ཚད་བཀག་ངེས་ཅན་ཞིག་བཟོ་བཞིན་ཡོད། དེའི་སྟབས་ཀྱིས་རྩོམ་རིག་སྤྱི་དང་ལྷག་པར་དུ་སྒྲུང་རྩོམ་འབྲི་མཁན་དང་སྙན་ངག་འབྲི་མཁན་ཚོ་ཚད་བཀག་མེད་པ་ནས་ཡོད་པ་ཆགས་ཀྱིན་ཡོད། དེས་ཕྱིར་རྩོམ་རིག་གི་གཞུང་ལུགས་ལ་ལྟ་རྒྱུ་མང་དྲགས་ན་དེས་རང་བཞིན་གྱིས་རང་གི་རྣམ་དཔྱོད་ལ་ཤུགས་རྐྱེན་ཐེབས་ཏེ་རང་གི་བསམ་བློ་ཁྲིམས་ལུགས་ཀྱི་བཀག་རྒྱའི་ནང་དུ་ཚུད་ནས་ཅི་ཞིག་འབྲི་བ་དང་ཇི་ལྟར་འབྲི་རྒྱུ་སོགས་ཀྱི་རང་དབང་བརླག་པའི་ཉེན་ཁ་ཡོད་པ་ཡིན། དེས་ན་དཔྱད་བརྗོད་པ་མ་ཡིན་པའི་རྩོམ་པ་བོ་དང་སྙན་ངག་མཁན་ཚོས་རྩོམ་གཞུང་བཤད་རྒྱུ་མང་དྲགས་ན་མི་ལེགས་སྙམ།
ང་ཚོས་རྩོམ་རིག་གི་གཞུང་ལུགས་ཞེས་པ་དེ་ག་དུས་བྱུང་བ་དང་། ཇི་ལྟར་བྱུང་བ། ཅིའི་ཕྱིར་བྱུང་བ་སོགས་ལ་བསམ་བློ་ཞིབ་ཚགས་པོ་བཏང་བ་ཡིན་ན། སྙན་ངག་དང་བརྩམས་སྒྲུང་སོགས་སྒྱུ་རྩལ་གྱི་བརྩམས་ཆོས་ཁག་སྔོན་ལ་བྱུང་ཞིང་། རྩོམ་རིག་གི་གཞུང་ལུགས་སུ་འབོད་པ་དེ་རིགས་རྗེས་སུ་བྱུང་བ་ཤིག་སྟེ། རྩོམ་རིག་གི་བརྩམས་ཆོས་རྣམས་ནི་རང་དབང་གི་རྩོམ་པ་བོ་རྣམས་ཀྱིས་རང་དབང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་བརྩམས་པ་ཤ་སྟག་ཡིན་ཞིང་། རྩོམ་རིག་གི་བརྩམས་ཆོས་ཕུན་སུམ་ཚོགས་པ་དེ་དག་ལ་དཔྱད་པ་སྣ་ཚོགས་བཏང་བ་ལ་བརྟེན་ནས། ད་གཟོད་རྩོམ་གཞུང་ཞེས་པ་དེ་ཚོ་འགྲུབ་ཀྱིན་ཡོད། རྩོམ་གཞུང་དུ་འབོད་པ་དེ་རིགས་ཀྱིས། སྙན་ངག་དང་བརྩམས་སྒྲུང་། འཁྲབ་གཞུང་སོགས་སྒྱུ་རྩལ་བརྩམས་ཆོས་དེ་ཚོ་དུམ་བུ་དུམ་བུར་བྱས་ཏེ། སྡེ་ཚན་དང་རྣམ་གྲངས། དབྱེ་བ་དང་མཚན་མཚོན་སྣ་ཚོགས་བཀོལ་ཏེ་རང་དབང་གི་བསམ་བློའི་ཐོན་རྫས་སུ་གྱུར་པའི་རྩོམ་རིག་དེ་རྣམས་རང་དབང་མེད་པའི་ལམ་ཁ་ཞིག་ཏུ་འཁྲིད་མགོ་ཚུགས་ཡོད།
རྒྱུ་མཚན་འདིའི་ཐོག་ནས་ང་ཚོས་ངེས་དགོས་པའི་དོན་དག་གལ་འགངས་ཆེ་ཤོས་ནི། ཆེས་ཐོག་མར་མི་ཞིག་གིས་རྩོམ་ཡིག་འབྲི་ཐབས་ལ་དམིགས་ནས་རྩོམ་གཞུང་ཞིག་བྲིས། དེ་བྲིས་པ་ལ་བརྟེན་ནས་ད་གཟོད་མཆོག་གྱུར་གྱི་རྩོམ་པ་བོ་དེ་ཚོས་རྩོམ་ཡིག་འབྲི་ཤེས་པར་གྱུར་པ་ཞིག་མིན་པར། བརྩམས་ཆོས་ཕུན་སུམ་ཚོགས་པ་བྱུང་བ་ལ་བརྟེན་ནས་རྩོམ་གཞུང་འབྱུང་གིན་ཡོད་པ་དེ་ཡིན། (རྒྱ་གར་ལྟ་བུ་ཡིན་ནའང་། ཐོག་མར་ར་མ་ཡ་ཎ་དང་། མ་ཧཱ་བྷ་ར་ཏ་སོགས་སྒྱུ་རྩལ་གྱི་བརྩམས་ཆོས་གྲགས་ཅན་དེ་ཚོ་བྱུང་ཞིང་། ཕྱིས་སུ་དབྱུག་པ་ཅན་སོགས་སྔར་གྱི་བརྩམས་ཆོས་དེ་ཚོར་ཁྲིམས་ལུགས་བཟོ་མཁན་གྱི་མཁས་པ་དེ་དག་བྱུང་བ་ཤེས་ཐུབ།)དེས་ན་དོན་གནད་ལ་བསྡོམས་བརྒྱབ་སྟེ་བལྟས་ན། རྩོམ་གཞུང་ལ་བརྟེན་ནས་རྩོམ་རིག་བྱུང་བ་མ་ཡིན་དེ་སྐབས་འདིར་ཤེས་རྒྱུ་གལ་ཆེན་ཡིན། དེར་བརྟེན། གལ་སྲིད་སྙན་ངག་པ་དང་སྒྲུང་རྩོམ་འབྲི་མཁན་ཞིག་བྱེད་འདོད་ཡོད་ན། རྩོམ་གཞུང་འདྲ་མིན་ལ་ལྟ་རྒྱུ་མངས་དྲགས་ན། སོ་སོའི་རྣམ་དཔྱོད་ལ་ཚད་བཀག་ཐེབས་པའི་ཉེན་ཁ་ཡོད་པ་དེ་ཡིན།
འོ་ན་ཁྱོད་ཀྱིས་གོང་དུ། བོད་ཀྱི་སྙན་ངག་ལ་སྦྱོང་མཁན་ལས་དང་བོ་བ་ཞིག་ལ་མཚོན་ན། སྒྲོམ་གཞི་ཡོད་པ་དང་མེད་པ་གཉིས་ལས། སྒྲོམ་གཞི་ཡོད་པའི་སྦྱོང་སྟངས་དེ་ཡག་པོ་ཡོད་པར་བཤད་པ་མ་ཡིན་ནམ། སྒྲོམ་གཞི་ཡོད་པའི་ལམ་ནས་སྙན་ངག་ལ་སྦྱངས་པ་ཡིན་ན། སྙན་ངག་སྦྱོང་མཁན་དེ་ཚོའི་རྣམ་དཔྱོད་དང་བསམ་བློའིོ་རང་དབང་ལ་ཚད་བཀག་ཐེབས་རྒྱུ་མ་ཡིན་ནམ་ཞེ་ན། བདེན་པ་ཡིན་མོད། ངས་འདིར་ལས་དང་བོ་བ་ཚོས་སྙན་གཞུང་གང་ཞིག་ལ་བརྟེན་ནས་སྦྱངས་རྒྱུའམ་སྒྲོམ་གཞི་ཡོད་པ་དེ་ཉིད་བཟང་བར་ངོས་འཛིན་བྱས་པ་དེ། བྱིས་པ་རང་རྐང་སྟེང་ལངས་མི་ཐུབ་མཁན་ཚོ་རྩིག་ངོས་ལ་ཁེན་ནས་འགྲོ་སྐྱོད་བྱེད་པ་དང་། རྒན་འཁོགས་དང་ནད་གཅོང་ཉམ་ཐག་གི་རིགས་འགྲོ་སྐྱོད་ལ་ཕན་ཕྱིར་རྒྱུག་རྟེན་ལ་བརྟེན་ནས་འགྲོ་སྐྱོད་བྱེད་པ་ལྟར། ཆེས་ཐོག་མའི་སྦྱོང་བརྡར་གྱི་གནས་སྐབས་སུ་སྦྱོང་གྲོགས་སུ་བསྟེན་ཆོག་པ་དེ་བཤད་ཀྱིན་ཡོད། ལྷག་པར་དུ་མེ་ལོང་མ་ལྟ་བུ་སྙན་ངག་འབྲི་ཐབས་སྦྱོང་བའི་དཔེ་མཚོན་གཙོ་བོར་བསྟན་པ་ཞིག་ཡིན་ལ། དེང་སང་གི་རྩོམ་གཞུང་དུ་གྲགས་པ་དེ་རིག་ཁྲིམས་ལུགས་ཀྱི་རང་བཞིན་ཤས་ཆེ་བའི་ཁྱད་པར་ཡང་ཡོད་པ་ཤེས་དགོས།
གང་ལྟར་ད་ང་རང་ངོས་ནས་ལས་དང་བོ་བ་ཚོས་སྙན་ངག་སྦྱོང་སྟངས་ཀྱི་ཐོག་ལ་བཤད་འདོད་པའི་ཚིག་ཁ་ཤས་ཡོད་པ་དེ་ཚོ་བཤད་མཚམས་འདི་འདྲ་ཞིག་ནས་བཞག་ན་འགྲིག་གིན་འདུག
དེ་ནས་དེ་རིང་གི་བརྗོད་གཞི་གཉིས་པའམ། སྙན་ངག་ལ་འགན་འཁུར་ཡོད་དམ་མེད་ཅེས་པ་འདིའི་ཐོག་ལ་བསམ་ཚུལ་ཁ་ཤས་བཤད་འདོད་བྱུང་། ཡིན་ནའང་རྩོམ་པ་བོ་སྤྱི་དང་ལྷག་པར་སྙན་ངག་མཁན་ལ་འགན་ཁུར་ཡོད་དམ་མེད་ཅེས་པ་འདི་བརྗོད་གཞི་རྒྱ་ཆེན་པོ་ཞིག་རེད། ཁ་སང་དེ་རིང་གི་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེ་ཁག་ཁྲོད་འདིའི་ཐོག་ལ་བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཡོང་གིན་ཡོད་པ་འདྲ་ཞིང་། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་བོ་ཕལ་ཆེ་བ་ཞིག་གིས་རྩོམ་པ་བོའི་འགན་ཁུར་གླེང་གིན་འདུག ཁོང་ཚོས་རྩོམ་པ་བོ་ལ་འགན་ཁུར་འགེལ་གྱིན་ཡོད་པར་མ་ཟད། འགན་ཁུར་ཆེན་པོ་འགེལ་གྱིན་འདུག ཁོང་ཚོས་རྩོམ་པ་བོ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཡིན་པ་དང་། རྩོམ་པོ་བོ་ནི་མི་རིགས་ཀྱི་བློ་སྒོ་འབྱེད་མཁན་ཡིན། རྩོམ་པ་བོ་ནི་སྤྱི་ཚོགས་ལ་ལམ་སྣེ་སྟོན་མཁན་ཡིན་པ་སོགས་ཀྱི་སྐད་ཆ་ཧ་ཅང་མང་བོ་བཤད་ཀྱིན་འདུག སྐད་ཆ་དེ་རིགས་བོད་ནང་ལོགས་སུ་བཤད་ཀྱིན་འདུག་ལ། བོད་ཕྱི་ལོགས་ཀྱི་བོད་མིའི་སྤྱི་ཚོགས་སུའང་བཤད་ཀྱིན་འདུག སྐྱ་བོའི་སྤྱི་ཚོགས་ཁྲོད་དུ་བཤད་ཀྱིན་འདུག་ལ། སེར་མོ་བའི་སྤྱི་ཚོགས་སུའང་བཤད་ཀྱིན་འདུག དེས་མི་ཚད་པ་ཞིག་ནི་རྩོམ་པ་བོ་ལ་འགན་ཁུར་འགེལ་གྱིན་ཡོད་པ་ཙམ་མིན་པར། རྩོམ་པ་བོ་ལ་རིག་གཞུང་གི་འགན་ཁུར་དང་། ལོ་རྒྱུས་ཀྱི་འགན་ཁུར། ཆབ་སྲིད་ཀྱི་འགན་ཁུར་སོགས་འགན་ཁུར་ཧ་ཅང་མང་བོ་འགེལ་གྱིན་འདུག གཅིག་བྱས་ནས་ང་ཚོས་འགེལ་བཞིན་པའི་འགན་ཁུར་དེ་རིགས་ནི། དངོས་ཡོད་གནས་ཚུལ་ཐོག་རྩོམ་པ་བོས་ཁུར་མི་ཐུབ་པའི་འགན་ཁུར་རྐྱང་རྐྱང་ཡིན། བར་འདི་ནས་ང་ཚོས་བསམ་བློ་གསལ་བོར་གཏོང་དགོས་པ་དེ་ནི། རྩོམ་པ་བོ་ལ་གོང་གི་འགན་ཁུར་དེ་རིགས་ཡོད་ན་ཇི་ལྟར་ཡོད་ཚུལ་དང་། མེད་ན་ཇི་ལྟར་མེད་ཚུལ་གྱི་སྐོར་དེ་ཡིན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་རྩོམ་པ་བོ་ཚོ་ལ་ཆབ་སྲིད་ཀྱི་འགན་ཁུར་ཤུགས་ཆེན་འགེལ་གྱིན་ཡོད་མོད། ང་ཚོས་བསམ་གཞིགས་བྱེད་དགོས་པ་ནི་རྩོམ་པ་བོས་ཆབ་སྲིད་ཀྱི་འགན་ཁུར་ཐུབ་དང་མི་ཐུབ་དང་། སྤྱི་ཚོགས་ཀྱི་འགན་ཁུར་ཐུབ་དང་མི་ཐུབ་ཀྱི་སྐོར་ཡིན།
ང་རང་ཉིད་ཀྱི་བསམ་ཚུལ་བྱས་པ་ཡིན་ན། སྤྱི་ལོ་༡༩༩༧ ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་ཁུར་བ་ཡིན་ལ། སྐབས་དེ་དུས་ངས་རྩོམ་པ་བོ་ལ་འགན་ཁུར་བཀལ་ན་འགྲིག་གིན་མེད་པའི་བསམ་ཚུལ་ཡང་ཡང་བཏོན་མྱོིང་ཡོད་ཀྱང་། དེ་ལ་མོས་མཐུན་བྱེད་མཁན་རག་ཁག་པོ་འདུག སྤྱི་ལོ་༢༠༠༠ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྩོམ་པ་བོའི་མཐུན་ཚོགས་བཙུགས་བྱུང་ལ། སྐབས་དེའི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་གི་སྟེང་ནས་མཐུན་ཚོགས་ཀྱི་ལངས་ཕྱོགས་ཐད་གསལ་བཤད་དང་གསལ་བསྒྲགས་མང་བོ་བྱས་པ་ཁག་ཏུ། རྒྱ་བོད་གཉིས་བར་གྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནད་དོན་མང་བོ་ཞིག་ལ་དྲང་བདེན་མིན་པའི་གནས་ཚུལ་འབྱུང་གིན་ཡོད་པ་ལ་དགག་ལན་འབྲི་རྒྱུ་ལྟ་བུ་ལས་ཀའི་གཙོ་གནད་དུ་འཛིན་གྱིན་ཡོད་པར་བཤད་ཀྱི་འདུག་ལ། སྐབས་དེར་རང་ངོས་ནས་རྩོམ་པ་བོ་ཚོས་ཆབ་སྲིད་དང་ལོ་རྒྱུས། སྤྱི་ཚོགས་བཅས་ཁྱོན་ཡོངས་ཀྱི་ཁུར་མི་ཐུབ་པའི་འགན་ཁུར་རང་ཐོག་ཏུ་ལེན་གྱིན་ཡོད་པ་ཚོར་བྱུང་། ཡིན་ན་ཡང་རང་ངོས་ནས་ལྟ་ཚུལ་དེ་རིགས་ལ་མོས་མཐུན་ཞུ་རྒྱུ་ཁག་པོ་བྱུང་།
གང་ལྟར་ང་རང་གི་བསམ་ཚུལ་ལ། རྩོམ་པ་བོས་ཆབ་སྲིད་སོགས་རྒྱལ་ཁབ་ཀྱི་ལས་རིགས་ཡོད་ཚད་ལ་འགན་ཁུར་དགོས་མིན་གྱི་གནད་དོན་དེ་རིགས་གཉིས་ཕྱེ་ན་འགྲིག་པར་མཐོང་། རྒྱུ་མཚན་ནི་དེང་སང་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་དྲུག་བཅུ་ལྷག་ཡོད་པ་རེ་རེ་ལ་རྒྱལ་ཁབ་སྐྱོང་སྟངས་ཀྱི་སྲིད་ཇུས་མི་འདྲ་བ་རེ་རེ་ཡོད་ཅིང་། རིགས་གཅིག་ནི་རྩོམ་པ་བོ་གནས་སའི་རྒྱལ་ཁབ་དེའི་སྲིད་ཇུས་ཀྱི་དབང་གིས་རྩོམ་པ་བོ་ལ་རང་དབང་མེད་པར་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ངེས་པར་དུ་ཞབས་འདེགས་བསྒྲུབ་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་དེའི་སྲིད་ཇུས་ཁག་ལ་ཞབས་འདེགས་བསྒྲུབ་དགོས་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དེ་དག་གི་དགོངས་དོན་དྲིལ་བསྒྲགས་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་མི་དམངས་ལ་ངོ་སྤྲོད་བྱེད་པའི་ཆེད་དུ་རྩོམ་ཡིག་འབྲི་དགོས་པ་དེ་འདྲ་ཡང་ཡོད་རྒྱུ་རེད་ལ། འདི་འདྲའི་རིགས་ནི། རྩོམ་པ་བོ་རྣམས་ལ་རང་ཉིད་མི་ཞིག་ཡིན་པའི་ལྷན་སྐྱེས་ཀྱི་འགན་འཁྲི་མ་ཡིན་པར་ཡུལ་དུས་ལ་ལྟོས་པའི་འགན་ཞིག་ཡོད་པ་ཆགས་ཀྱིན་ཡོད་ལ། རྩོམ་པ་བོས་ལོ་རྒྱུས་ལ་འགན་ཞིག་ཁུར། ཆབ་སྲིད་ལ་འགན་ཞིག་ཁུར། སྤྱི་ཚོགས་ལ་འགན་ཞིག་ཁུར་ཏེ་འགན་ཁུར་མང་བོའི་འོག་གནས་དགོས་པ་ཆགས་ཀྱིན་ཡོད།
ཡིན་ནའང་རྒྱལ་ཁབ་ཀྱི་དབྱེ་བ་སོགས་མ་བཀར་བར་སྤྱིར་བཏང་ལྷན་སྐྱེས་ཀྱི་ཆ་ནས། རྩོམ་པ་བོ་ཞིག་གིས་རྒྱལ་ཁབ་ཀྱི་འགན་ཡང་ཁུར་མི་ཐུབ་ལ། ཆབ་སྲིད་ཀྱི་འགན་ཡང་ཁུར་མི་ཐུབ། རྩོམ་པ་བོས་འགན་དེ་རིགས་ཁུར་མི་ཐུབ་པའི་རྒྱུ་མཚན་ནི། རྩོམ་པ་བོ་དང་ལྷག་པར་སྙན་ངག་པས་སྙན་ངག་ཅི་ཞིག་གི་ཆེད་དུ་འབྲི་བཞིན་ཡོད་པ་དེ་ལ་ཐུག་གིན་ཡོད། དཔེར་ན། སྙན་ངག་པས་སྙན་ངག་རྒྱལ་ཁབ་ཀྱི་ཆེད་དུ་འབྲི་བཞིན་ཡོད་དམ། དེ་བཞིན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱུས་སུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་དམག་དོན་གྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བ། རྒྱལ་ཁབ་ཀྱི་ཚན་རིག་དང་ལག་རྩལ་ཇེ་མཐོར་འགྲོ་བ་སོགས་ཀྱི་ཆེད་དུ་སྙན་ངག་འབྲི་བཞིན་ཡོད་མེད་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ད་གཟོད་སྙན་ངག་པས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་འགན་ཁུར་མི་ཐུབ་པ་གསལ་བོར་ངེས་ཐུབ་པ་ཞིག་ཡིན།
མ་གཞི་ནས་སྙན་ངག་པས་འབྲི་རྒྱུ་དེ་ནི། ཕྱི་རོལ་ཡུལ་གྱི་དངོས་པོ་སྟེ་འདོད་པའི་ཡོན་ཏན་ལྔའམ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ཡོད་ཅིང་། དེ་དག་གི་ཡོན་ཏན་ནམ་ཁྱད་ཆོས་སུ་གྱུར་པའི་ནང་གི་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་དབང་བོ་ལྔ་ལ་བརྟེན་ནས་ལོངས་སུ་སྤྱོད་དགོས་པ་ཞིག་ཡིན། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཚོར་བ་དེ་ལ། སིམ་པ་དང་། གདུང་བ། བར་མ་སྟེ་གསུམ་ཡོད་ཅིང་། འདི་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཐ་སྙད་ཀྱང་སྤྱད་ཆོག་པ་ཡིན། ད་དུང་ང་ཚོའི་སེམས་རྒྱུད་ན་ང་རྒྱལ་དང་། ཕྲག་དོག ཞེ་སྡང་སོགས་རྩ་ཉོན་དྲུག་དང་ཉེ་ཉོན་ཤུ། མཛོད་ཀྱི་བཤད་སྲོལ་ལྟར་བྱས་ན་ཕྲ་རྒྱས་གོ་བརྒྱད་སོགས་ཉོན་མོངས་སྣ་ཚོགས་ཤིག་ཡོད་ལ། ཉོན་མོངས་དེ་དག་ནི་སྙན་ངག་འགྲུབ་བྱེད་ཀྱི་ས་བོན་ཆགས་ཀྱིན་ཡོད། དེ་རིང་ཚོགས་པ་འདིའི་ནང་དུ་དགེ་འདུན་པ་དེ་འདྲ་མཉམ་ཞུགས་གནང་ཡོད་པ་ཡིན་ན། ངའི་བཤད་ཚུལ་འདི་ཚོ་ཐུགས་ལ་མི་འབབ་མཁན་དེ་འདྲ་ཡོད་སྲིད་ཀྱང་། དངོས་ཡོད་དོན་གྱི་ཆ་ནས་འདི་འདྲ་ཞིག་གི་ཐོག་ཏུ་འབབ་ཀྱིན་ཡོད། དེ་འདྲའི་དབང་གིས་ང་རང་སྔོན་ཆད་བོད་དུ་ཡོད་སྐབས་རྒྱ་མི་ཚོ་དང་ཐུག་ནས། རང་ཉིད་ཀྱིས་སྙན་ངག་འབྲི་བཞིན་ཡོད་པ་བཤད་ན་ཁོང་ཚོ་ཧ་ལས་ལས་བྱས་ནས། གྲྭ་བ་ཞིག་གིས་སྙན་ངག་སྙན་ངག་ག་འདྲ་ཞིག་འབྲི་དགོས་པ་རེད་དམ་ཟེར་ནས་བློ་ངོར་མ་ཤོང་བ་ལྟ་བུ་བྱེད་ཀྱིན་འདུག ཁོང་ཚོས་གོ་བ་དེ་འདྲ་ལེན་དགོས་པའི་རྒྱུ་མཚན་ནི། སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་རྣམས་ནི། ང་ཚོའི་སེམས་རྒྱུད་ཀྱི་དགའ་སྐྱོ་ཆགས་སྡང་དེ་ཚོ་ཡིན་པ་དང་། དེ་དག་ལས་གང་ཞིག་གི་ཤུགས་རྒྱས་ཏེ་མངོན་དུ་གྱུར་པའི་གནས་སྐབས་ཀྱི་རྣམ་པ་དེ་ཡིག་ཐོག་ལ་འབེབས་ཀྱིན་ཡོད་སྟབས། འདོད་ཆགས་སྤྱི་དང་དེའི་ནང་ནས་ཀྱང་འཁྲིག་སྲེད་ལ་སོགས་པའི་དོན་དག་མང་བོ་ཞིག་རང་བཞིན་གྱིས་སྙན་ངག་གི་ནང་དུ་ཤུགས་ཆེན་པོ་བྱས་ནས་ཡོང་གིན་ཡོད་དུས། དེ་རིགས་རབ་ཏུ་བྱུང་བ་ཚོས་འབྲི་སྟབས་བདེ་བོ་མེད་པས་ན་དེ་ལྟར་བཤད་ཀྱིན་ཡོད་པ་འདྲ།
སྤྱིར་བཏང་བླ་མ་གྲྭ་བ་ཚོས་འཁྲིག་སྲེད་ཀྱི་སྙན་ངག་འབྲི་རྒྱུར་འཛེམ་དགོས་པ་ཞིག་ཡིན་ཀྱང་། ཁ་སང་དེ་རིང་གྲྭ་བ་ཚོའི་ནང་ན་ཆགས་སྲེད་ཀྱི་སྙན་ངག་འབྲི་མཁན་མང་དུ་འགྲོ་བཞིན་ཡོད་སྟབས་དེ་ཡང་མ་ངེས་པ་ཞིག་ཏུ་འགྱུར་གྱིན་འདུག་མོད། སྤྱིའི་འགྲོ་སྲོལ་གྱི་ཆ་ནས་རང་གཞན་རོགས་གསུམ་བློ་ངོར་བདེ་བ་ཞིག་ཡོང་གིན་མེད་ཚོད་རེད། དཔེར་ན་དགེ་སློང་ཞིག་ལ་མཚོན་ན་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ཡོད་ཅིང་། འདུལ་ཁྲིམས་དེ་དག་གིས་ཁོང་ཚོའི་ལུས་ངག་གི་བྱ་སྤྱོད་ཧ་ཅང་མང་བོ་ལ་སྟངས་འཛིན་དང་ཚད་བཀག་ཐེབས་ཀྱིན་ཡོད། ད་དུང་ཆགས་སྡང་སོགས་ཀྱིས་ཀུན་ནས་བསླངས་པའི་སྙན་ངག་བྲིས་ཚེ་ཆུང་ས་དང་དམའ་ས་ནས་བཤད་ཀྱང་དགེ་ཚུལ་སློང་གི་སྡོམ་ཁྲིམས་ལས་ངག་གྱལ་གྱི་ཉེས་ལྟུང་འབྱུང་རྒྱུ་ཡིན་པ་གསལ་བོ་རེད། ངས་དྲན་སོས་པ་ལྟར་བྱས་པ་ཡིན་ན། སྔར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྙན་ངག་པ་གྲགས་ཆེན་ཨ་ལགས་གླིང་ཚང་གིས་ར་མ་ཎའི་གཏམ་རྒྱུད་ཀྱི་འཁྲབ་གཞུང་ཧ་ཅང་ཡག་པོ་ཞིག་བརྩམས་ཏེ། སྤྱི་ལོ་༡༩༨༠ མགོ་སྟོད་ཅིག་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་པ་ཞིག་ཡོད། འདི་བ་སྤྱི་ཚོགས་ཐོག་ན་ཤེས་མཁན་ཉུང་ཉུང་རེད་དེ། དོན་གྱིས་དགུང་ལོ་ཆུང་ཆུང་གི་སྐབས་ནས་སྙན་ངག་ཧ་ཅང་ཡག་པོ་འབྲི་མཁན་ཞིག་རེད། གང་ལྟར་འཁྲབ་གཞུང་དེའི་ནང་དུ་མདོ་ལུང་ཞིག་དྲངས་ནས། རབ་ཏུ་བྱུང་བ་ཚོས་སྙན་ངག་བྲིས་ན་སྐྱེས་པ་ཕྱི་མར་བྱེའུ་སྙན་ལྡན་པ་ཞིག་ཏུ་སྐྱེས་པར་གསུངས་ཡོད་པ་ཞིག་དྲན། ཉེ་དུས་ངས་བརྩད་གཅོད་བཏང་ཡང་འཁྲབ་གཞུང་དེ་མ་རག་མོད། མདོ་དོན་ཡང་སྙིང་དོན་བཟང་བོ་དང་ཚིག་འབྲུ་བཟང་བོ་མ་ཡིན་པ་སྟེ་ཡ་རབས་དང་བག་ཡོད་ལས་འདས་པའི་བརྩམས་ཆོས་ཁག་ལ་འཇུག་མི་འོས་པའི་ཆ་ནས་རབ་ཏུ་བྱུང་བ་ཚོའི་གཏམ་སྤྱོད་ལ་ཚད་བཀག་ངེས་ཅན་ཡོད།
སྙན་ངག་པས་འབྲི་རྒྱུ་ནི་རང་གི་སེམས་འབྲི་བཞིན་ཡོད། སེམས་ཀྱི་ཚོར་བ་བདེ་སྡུག་གང་ཞིག་གིས་བསླངས་ནས་སྙན་ངག་འབྲི་བཞིན་ཡོད། ནང་སེམས་ཀྱི་ཚོར་བ་ཞིག་གི་ཤུགས་རྒྱས་པ་དེའི་མྱོང་བ་འབྲི་བཞིན་ཡོད། དེས་ན་སེམས་ཀྱི་ཚོར་བ་བདེ་སྡུག་གང་ཞིག་ཡོང་གིན་ཡོད་ན་དེ་འབྲི་དགོས་དུས། དེ་ལ་འགན་ཁུར་ག་འདྲ་ཞིག་འཇོག་རྒྱུ་ཡིན་ནམ། དཔེར་ན། སྙན་ངག་པ་ཞིག་སྤྱི་ཚོགས་ཤིག་ལ་མ་དགའ་བ་དང་། ཡང་ན་མི་གང་ཞིག་ལ་མ་དགའ་ལྟ་བུས་སེམས་སུ་ཞེ་སྡང་ཤུགས་དྲག་པོ་རྒྱས་ཏེ། དེས་ཀུན་ནས་བསླངས་པའི་སྙན་ངག་འབྲི་བཞིན་པའི་སྐབས་སུ། ཁྱོད་ཀྱིས་སྤྱི་ཚོགས་དང་ཆབ་སྲིད་ལ་འགན་ཁུར་ཏེ་འདི་དང་དེ་ལྟ་བུ་འབྲི་དགོས་པར་བཤད་ཚེ། སྙན་ངག་མཁན་དེས་རང་སེམས་ན་ཚོར་བ་གང་ཡང་མེད་པའི་དོན་དག་གཞན་ཞིག་འབྲི་ཡང་མི་ཐུབ་ལ། གལ་སྲིད་གཞན་གྱི་ངོ་སྲུང་ལྟ་བུ་ཞིག་འབྲི་ཁུལ་བྱས་ཀྱང་། དེ་ནི་སྙན་ངག་པ་དེའི་སེམས་ཁམས་མཚོན་བྱེད་ཀྱི་སྙན་ངག་ཏུ་འཇོག་མི་ཐུབ་ཅིང་། མ་གཞི་ནས་དེ་འདྲའི་རིགས་སྙན་ངག་པ་ཁོ་རང་གི་སྙན་ངག་ཀྱང་མིན། རྒྱུ་མཚན་ནི། སྙན་ངག་པ་ལ་མི་གཞན་ཀྱིས་བཀའ་རྒྱ་བཏང་བ་དང་། སྟངས་འཛིན་བྱས་པ། ཇུས་གཏོགས་བྱས་པ་ལ་བརྟེན་ནས་བྲིས་པ་དེ་ཚོ་བཀོད་པ་གཏོང་མཁན་དེ་ཚོའི་བཙན་བསྐུལ་གྱི་ཐོན་རྫས་ཤིག་ཡིན་པ་ལས། སྙན་ངག་པ་དེའི་ནང་གི་སེམས་ཁམས་དྭངས་མ་མཚོན་གྱི་སྙན་ངག་ཏུ་འཇོག་མི་ཐུབ། གནས་ལུགས་འདི་འདྲའི་ཐོག་ནས་ང་ཚོས་བསམ་བློ་གཏོང་ཐུབ་པ་ཡིན་ན། སྙན་ངག་པ་ལ་འགན་ཁུར་འཇོག་མི་ཐུབ་པའི་རྒྱུ་མཚན་གསལ་བོར་ངེས་ཐུབ་པ་ཡིན།
ད་དུང་དེང་སང་གི་བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྩོམ་རིག་པ་དང་སྙན་ངག་པ་མང་ཤོས་ཀྱིས། སྨོན་པ་བྱེད་ས་དང་མིག་དཔེ་ལྟ་ས་གཙོ་བོ་ནི་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་ཡོད་པའི་དེང་རབས་ནུབ་ཕྱོགས་ཀྱི་རྩོམ་པ་བོ་དང་དེ་དག་གི་རྩོམ་རིག་ཡིན་ལ། ནུབ་ཕྱོགས་པའི་རྩོམ་པ་བོ་ཚོ་ལ་དམིགས་ཡུལ་གཅིག་མཚུངས་ཡོད་མི་སྲིད་པ་སྟེ། ཁ་ཤས་ཀྱིས་དཔལ་འབྱོར་གྱི་དོན་དུ་འབྲི་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་མིང་དང་སྙན་གྲགས་ཀྱི་དོན་དུ་འབྲི་བཞིན་ཡོད་པ་སོགས་ནང་གི་ཀུན་སློང་དང་དམིགས་ཡུལ་མི་འདྲ་བའི་ཐོག་ནས་འབྲི་བཞིན་ཡོད་ཀྱང་། མི་གཞན་གྱི་བཀོད་ཇུས་འོག་ནས་འབྲི་བཞིན་མེད་པ་དེ་ཧ་ཅང་གསལ་བོ་རེད། དཔེར་ན་ཨ་རིའི་སྙན་ངག་པ་ཞིག་ལ། ཁྱོད་ཀྱིས་ཨ་མི་རི་ཁའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགན་ཁུར་ཏེ་སྙན་ངག་འདི་འདྲ་བ་འབྲི་དགོས་པ་དང་། ཁྱོད་ཀྱིས་ཨ་མི་རི་ཁའི་དཔལ་འབྱོར་ལ་འགན་ཁུར་ཏེ་བརྩམས་ཆོས་དེ་འདྲ་བ་སྤེལ་དགོས་པ། ཡང་ན་ཁྱོད་ཀྱིས་ཨ་མི་རི་ཁའི་ལོ་རྒྱུས་ལ་འགན་ཁུར་ཏེ་བརྩམས་ཆོས་འདི་དང་དེ་ལྟ་བུ་སྤེལ་དགོས་པར་བཤད་མཁན་ཞིག་གལ་སྲིད་བྱུང་བའི་དབང་དུ་བཏང་ཡང་། དེ་ལ་ཉན་འཇོག་བྱེད་མཁན་གྱི་རྩོམ་པ་བོ་ཞིག་རྙེད་ཁག་པོ་ཡིན། འདི་ཐུག་ས་མཐར་ཐུག་ནི། དམངས་གཙོའི་ལམ་ལུགས་ཀྱི་གཞི་རྩའི་མིའི་སྨྲ་བརྗོད་དང་བསམ་བློའི་རང་དབང་ལ་ཐུག་གིན་ཡོད།
ང་ཚོས་སྡོམ་བརྒྱབ་སྟེ་བཤད་པ་ཡིན་ན། སྙན་ངག་ནི་རང་དབང་གི་བསམ་བློ་ཞིག་ཡིན་ལ། མི་ཞིག་གི་སེམས་ལ་རྣམ་རྟོག་ག་རེ་འཆར་ཆོག་དང་མི་ཆོག་གི་ཇུས་གཏོགས་སུས་ཀྱང་བྱེད་དུ་མེད་པ་སྟེ། དཔེར་ན། ཕྱི་ལོགས་ཀྱི་མི་ཞིག་གིས་སྙན་ངག་པ་ལ། ཁྱོད་ཀྱི་སེམས་རྒྱུད་ལ་འདོད་ཆགས་སྐྱེ་མི་ཆོག ཞེ་སྡང་སྐྱེ་མི་ཆོག ང་རྒྱལ་སྐྱེ་མི་ཆོག ཕྲག་དོག་སྐྱེ་མི་ཆོག་ཅེས་བཀོད་ཇུས་གཏོང་མི་ཐུབ་ཅིང་། ཡང་ང་རྒྱལ་དང་ཕྲག་དོག་སོགས་སྐྱེ་དགོས་པའི་བཀོད་ཇུས་ཀྱང་གཏོང་ཐབས་མེད་པའི་གནས་ལུགས་འདིས། རྩོམ་པ་བོ་དང་སྙན་ངག་མཁན་ལ་བཀོད་ཇུས་དང་འགན་ཁུར་འཇོག་མི་འོས་པའི་གནས་ལུགས་ར་སྤྲོད་བྱེད་ཀྱིན་ཡོད། དེའི་སྟབས་ཀྱིས་ང་ཚོའི་བོད་ཕྱི་ནང་གི་མི་རྣམས་ཀྱིས་སྒྱུ་རྩལ་རྩོམ་པ་བོ་དང་ལྷག་པར་སྙན་ངག་པར་འགན་ཁུར་དང་སྟངས་འཛིན་བྱེད་ཀྱིན་ཡོད་པ་དེ་རིགས་འགྲིག་གིན་ཨེ་ཡོད་བསམ་གྱིན་འདུག་པས། ཚང་ལ་མ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན།
(མཚམས་འདིར་ཚོགས་གཙོ་འབའ་སྲས་ལགས་ལ་ཆུ་ཚོད་ག་ཚད་སོང་ཡོད་མེད་སྐོར་དྲིས་ཏེ། ཆུ་ཚོད་གཅིག་ཡས་མས་སོང་ཟིན་པ་ཤེས་པས། བཤད་མཚམས་འཇོག་རྒྱུ་བྱས་འདུག)
འོ་ད་དེ་རིང་ངས་བཤད་རྒྱུ་འདི་འདྲ་ཞིག་ནས་མཚམས་འཇོག་བྱེད་རྒྱུ་ཡིན་ལ། ལྷན་རྒྱས་རྣམ་པ་ལ་ཞུ་དགོས་པ་ཞིག་ནི། དེ་རིང་ངས་སེམས་ལ་དྲན་ཚོད་ཅིག་བཤད་ཁུལ་བྱས་པ་འདི་མགོ་མཇུག་ཡོད་པ་དང་། གོ་རིམ་འགྲིག་པོ། བློ་བསྐྱེད་ཡོད་པ་དེ་འདྲ་གང་ཡང་བྱུང་མ་སོང་སྟེ། ངས་ད་ཅི་གོང་དུ་ཞུས་ཟིན་པ་ལྟར་མ་གཞི་ང་རང་རྩོམ་རིག་གི་གཞུང་ལུགས་དེ་ཚོར་ལྟ་རྒྱུར་ཡང་དེ་ཙམ་དགའ་མོས་མེད་མཁན་ཞིག་ཡིན་སྟབས། དེ་དག་ལ་རྒྱུས་མྱོང་ཡང་མེད་མཁན་ཞིག་ཡིན་དང་། ལྷག་པར་དུ་སློབ་གྲྭ་ལྟ་བུར་ལོ་མང་རིམ་བསྟུད་ཀྱིས་རྩོམ་རིག་གི་གཞུང་ལུགས་འཆད་ཁྲིད་བྱས་པའི་རིག་གཅིག་རྐང་འཛིན་གྱི་ལས་ཀ་དེ་འདྲའང་བྱས་མྱོང་མེད་པའི་ཆ་ནས་རྩོམ་རིག་གཞུང་ལུགས་ཐོག་རྒྱུས་མྱོང་མེད་ཀྱང་། རང་ཉིད་སྙན་ངག་འབྲི་མཁན་ཐེབས་ཆག་ཅིག་ཡིན་པའི་ཆ་ནས་དང་། ལོ་མང་བོར་བོད་རང་གི་རིག་གཞུང་དང་ཁ་མ་བྲལ་བ་ལྟ་བུའི་མི་ཚེ་བསླལ་བའི་ཉམས་མྱོང་གང་ལ་གང་འཚམ་ཞིག་ཡོད་པ་དེ་ལྷན་རྒྱས་ལ་དཔྱད་གཞིའི་ས་བོན་གྱི་ཚུལ་དུ་ཕུལ་བ་ཙམ་ཡིན། ངས་བཤད་སྐབས་མགོ་མཇུག་དང་གོ་རིམ་འཁྲུགས་པ། བཤད་པ་གནད་དུ་མ་ཁེལ་བ་དང་། འཆད་བྱའི་གནད་དགྲོལ་མ་ཐུབ་པའི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན། ངས་འདི་ནས་བཟོད་གསོལ་ཞུ་དགོས་པའི་རྒྱུ་མཚན་ནི། དྲ་ཐོག་འདིར་མི་གྲངས་ཧ་ཅང་མང་བོ་ཡོད་དུས། བློ་བསྐྱེད་མེད་པའི་སྐད་ཆ་བཤད་དེ་ལྷན་རྒྱས་རྣམ་པ་མང་བོ་ཞིག་གི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་བཏང་ཡོད་སྲིད་པའི་སྟབས་ཀྱིས་ཡིན།
དྲི་བ་དང་དྲིས་ལན།
ད་དྲི་བ་གཏོང་མཁན་ཡོད་ན། དྲི་བ་ཁ་ཤས་ཤིག་ལ་ལན་འབུལ་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན། ལྷན་རྒྱས་ལ་ངའི་བཤད་པའི་ཐོག་དྲི་བ་དེ་འདྲ་ཡོད་ནས་ངས་ཤེས་པ་ཡིན་ན་ལན་འབུལ་ཆོག་ལ། གལ་སྲིད་མ་ཤེས་ནའང་སྐྱོན་མི་འདུག དྲི་བ་ཡོད་ན་གཏོང་རོགས།
(སྒྲ་འཇུག་བྱེད་སྐབས་ཀྱི་སྐྱོན་ཡིན་ནམ་དྲི་བ་ཁག་ཅིག་ལ་བསྐྱར་ཉན་བྱེད་མ་ཐུབ་པས་དྲི་བ་དང་དྲིས་ལན་གཉིས་ཆ་འདིའི་ནང་དུ་ཚུད་མེད།)
དྲི་བ། རྒན་ལགས་ང་ལ་དྲི་བ་ཆུང་ཆུང་ཞིག་ཡོད། རྩོམ་རིག་དཔྱད་བརྗོད་པ་ཚོས་རྩོམ་རིག་ལ་སྒྲ་ཡངས་འཇུག་གི་རྩོམ་རིག་དང་། སྒྲ་དོག་འཇུག་གི་རྩོམ་རིག ཕུང་སུམ་པའི་རྩོམ་རིག་བཅས་དུ་མ་ཞིག་བཤད་ཀྱིན་འདུག དེས་ན་སྒྲ་ཡངས་འཇུག་གི་རྩོམ་རིག་ལྟ་བུར་མཚོན་ན། ཡིག་ངག་གཉིས་ཐོག་ནས་བརྒྱུད་པའི་རྩོམ་རིག་སྤྱི་མིང་ལྟ་བུར་བཤད་ཀྱིན་འདུག དཔེར་ན། ཆབ་སྲིད་ཀྱི་རྩོམ་རིག་དང་། ལོ་རྒྱུས། ས་རྒྱུས་སོགས་ཡོད་ཚད་འདིའི་ཁོངས་སུ་བསྡུ་བཞིན་འདུག སྒྲ་དོག་འཇུག་གི་རྩོམ་རིག་ལྟ་བུ་ལ་མཚོན་ན། སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ་ལྟ་བུ་སྒྱུ་རྩལ་གྱི་ཆ་དང་ལྡན་པ་དེ་རིགས་འཇོག་གིན་འདུག སྒྲ་ཡངས་དོག་གཉིས་གང་གི་ཁོངས་སུའང་བསྡུ་མི་ཐུབ་པ་ནི། འབོལ་རྩོམ་དང་། རྣམ་ཐར་དང་རྟོགས་བརྗོད། བསླབ་བྱ་དང་ལེགས་བཤད་ལ་སོགས་པ་དེ་རིགས་ལ་བཤད་ཀྱིན་འདུག་ཅིང་། དེ་དག་སྒྲ་ཡངས་དོག་གཉིས་གང་གི་ཁོངས་སུའང་བསྡུ་དཀའ་བར་གསུང་གིན་འདུག དེས་ན་རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་སོགས་བསྟོད་ཆེན་བཞི་སོགས་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་བསྡུ་དགོས་དང་མི་དགོས་པའི་སྐོར་ལ་ལན་ཐུང་ཐུང་ཞིག་གནང་རོགས།
ལན། འོ་ད་ཡང་བསྐྱར་དྲི་བ་ཞིག་འདུག དེ་ལ་ལན་འབུལ་བའི་ཐབས་ཤེས་བྱེད་རྒྱུ་ཡིན། འོ་དེང་སང་སྒྲ་ཡངས་འཇུག་དང་དོག་འཇུག་ཟེར་བ་ཞིག་བཤད་ཀྱིན་ཡོད་པ་ངས་གོ་མྱོང་། སྔར་གྱི་མཁས་པ་ཚོས་མཛད་པའི་གཞུང་ལུགས་ཀྱི་ཐ་སྙད་དུ་དེ་ལ་སྒྲོ་ཟོར་ཡངས་པ་དང་དོག་པ་ཞེས་པའི་ཐ་སྙད་བཀོལ་ཡོད།
ཁྱེད་རང་གིས་བཤད་པ་དེ་ག་རང་རེད། ནུབ་ཕྱོགས་ཀྱི་མི་ཞིག་གིས་བྲིས་པའི་བོད་ཀྱི་རྩོམ་རིག་གི་སྐོར་(Tibetan Literature)དེབ་མཐུག་པོ་ཞིག་འདུག དེའི་ནང་དུ་དེང་སང་བོད་ནང་དུ་དར་ཁྱབ་ཆེ་བའི་བརྩམས་སྒྲུང་དང་སྙན་ངག་སོགས་གང་ཡང་བཤད་ཀྱིན་མི་འདུག གཙོ་བོ་བཀའ་འགྱུར་དང་བསྟན་འགྱུར་གཉིས་གཙོས་པའི་བོད་ཀྱི་བླ་མ་ཚོའི་གསུང་འབུམ་དེ་ཚོའི་སྐོར་བཤད་ཀྱིན་འདུག གང་ལྟར་ཁྱེད་ཀྱིས་དྲིས་པའི་བརྩམས་ཆོས་དེ་ཚོ་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་རྩོམ་རིག་ཁྱབ་ཁོངས་སུ་འདུ་དང་འདུ། དེ་མ་ཡིན་པའི་ང་རང་གི་ཉམས་མྱོང་ཞིག་ཁྱེད་རྣམ་པར་མཁྱེན་རྟོག་གི་ཆེད་དུ་འབུལ་རྒྱུ་ཡོད་པ་ནི། ཉིན་ཞིག་ང་རང་མེ་འཁོར་ནང་དུ་འགྲོ་སྐབས། ཕྱི་རྒྱལ་གྱི་ཕོ་གསར་ཞིག་དང་ཐུག་སོང་། སྐབས་དེར་ངས་བོད་ཡིག་གི་དེབ་ཅིག་ཀློག་གིན་ཡོད། ཁོས་ངའི་དེབ་དེ་ལ་བལྟས་ནས་ཡི་གེ་འདི་གང་གི་ཡི་གེ་རེད། ཨ་རབ་ཀྱི་ཡི་གེ་འདྲ་བོ་ཞིག་འདུག་ལབ་སོང་། ངས་བོད་ཡིག་ཡིན་པ་སོགས་བཤད་ནས་ངེད་གཉིས་ཀྱིས་སྐད་ཆ་བཤད་པ་ཡིན། དེ་ནས་ཁོས་ངའི་ལས་ཀ་དྲིས་བྱུང་། ངས་རང་ཉིད་རྩོམ་འབྲི་མཁན་ཞིག་ཡིན་པ་ངོ་སྤྲོད་བྱས་དུས། ཁོང་གིས་འོ་ང་རང་ཡང་རྩོམ་པ་བོ་ཞིག་ཡིན་ཟེར་གྱིན་འདུག དེ་ནས་ཁྱེད་ཀྱིས་རྩོམ་ག་རེ་འབྲི་བཞིན་ཡོད་པའི་སྐོར་དྲིས་དུས། ཁོ་རང་སྨན་གྱི་བཟོ་གྲྭ་ཞིག་ཏུ་སྨན་གྱི་ནུས་པ་དང་ཕན་ཡོན། སྨན་ཇི་ལྟར་བསྟེན་ཚུལ། སྨན་ཉར་ཚགས་ཇི་ལྟར་བྱེད་དགོས་པའི་སྐོར་གྱི་ཡི་གེ་འབྲི་མཁན་ཞིག་རེད་འདུག འོ་ད་མདོར་བསྡུས་ནས་བཤད་ན། ཕྱི་རྒྱལ་བ་ཚོས་སྨན་གྱི་འགྱིག་དམ་སྟེང་ཡི་གེ་འབྲི་མཁན་དེ་འདྲ་ཡང་རྩོམ་པ་བོའི་ནང་དུ་འཇོག་གིན་འདུག རྒྱུ་མཚན་དང་གནས་སྟངས་དེ་ཚོའི་ཐོག་ནས་བལྟས་ན། སྒྲ་ཟོར་ཡངས་པའི་དབང་དུ་བྱས་ན་ཁྱེད་ཀྱིས་གོང་དུ་བརྩམས་ཆོས་ཁག་ཅིག་དེའི་ནང་དུ་བསྡུ་མི་ཐུབ་པར་གསུངས་པ་དེ་དག་ཚང་མ་བསྡུ་ཐུབ་རྒྱུ་རེད་བསམ་གྱིན་འདུག ངའི་བསམ་ཚུལ་དེ་འདྲ་ཞིག་ཡིན།
ངས་རྩོམ་གཞུང་དེ་ཚོ་ཀློག་མ་མྱོང་ཡང་། ཉམས་མྱོང་གི་ཐོག་ནས་བལྟས་ན། དཔྱད་བརྗོད་པ་ཚོས་འབོལ་རྩོམ་སོགས་ཁག་ཅིག་སྒྲ་ཡངས་དོག་གཉིས་གང་གི་ཁོངས་སུའང་བསྡུ་མི་ཐུབ་པར་གསུང་གིན་ཡོད་པ་དེའི་དཀའ་ངལ་འཕྲད་ས་ནི། གོང་གི་བརྩམས་ཆོས་དེ་ཚོའི་རྩོམ་ལུས་ཡོངས་རྫོགས་སྒྲ་ཟོར་དོག་པའི་དབང་དུ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁོངས་སུ་འཇོག་མ་ཐུབ་པ་དང་། ཡང་དེ་དག་གི་བར་བར་ན་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ཚིག་སྦྱོར་དང་ཚིག་ཕྲེང་མང་བོ་ཞིག་ཀྱང་ཡོད་པའི་ཆ་ནས། ཐ་གཅིག་ཏུ་སྒྱུ་རྩལ་བརྩམས་ཆོས་མ་ཡིན་པའི་ཁོངས་སུའང་འཇོག་མ་ཐུབ་པ་ཡིན་རྒྱུ་རེད་དེ། དེ་ཚོ་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་རྩོམ་རིག་གི་ཁོངས་སུ་འཇོག་རྒྱུར་དཀའ་ངལ་ག་རེ་འཕྲད་པ་ཡིན་མིན་ཞུ་ཚོད་མ་ཐིག
གང་ལྟར་ཁྱེད་ཀྱིས་གོང་དུ་བཤད་པའི་རྗེ་རིན་པོ་ཆེའི་བསྟོད་ཆེན་བཞི་ལ་སོགས་པ་དང་། བོད་ཀྱི་བླ་མ་ཚོའི་གསུང་འབུམ་ཁྲོད་དུ་འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་དང་། རྗེ་བཙུན་སྒྲོལ་མ་ལ་བསྟོད་བསྔགས་མཛད་པ་སོགས་ཀྱི་བརྩམས་ཆོས་མང་བོ་འདུག་པ་དེ་དག་གི་རྩོམ་ལུས་སྤྱི་ཁོག་ནི་ཆོས་ལུགས་ཀྱི་ཁོངས་གཏོགས་ཤིག་རེད། ཡིན་ནའང་དེ་ཚོར་ཞིབ་ཚགས་པོ་བྱས་ནས་བལྟས་ན། དེ་ཚོའི་ནང་དུ་ཕུན་སུམ་ཚོགས་པའི་སྙན་ངག་ཏུ་འཇོག་བྱེད་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བསྡད་པའི་ཚིག་སྦྱོར་དང་ཚིག་ཕྲེང་། ཚིགས་བཅད་སོགས་མང་བོ་ཞིག་འབྱུང་གིན་ཡོད་པ་དེ་ཚོ་གང་གི་ཁོངས་སུ་འཇོག་མ་ཐུབ་པས་དཀའ་ངལ་འཕྲད་པ་ཡིན་རྒྱུ་རེད། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་ལྟ་བུ། གཞུང་ཡོངས་རྫོགས་རྡོག་རྡོག་བྱས་ནས་སྙན་ངག་གི་བརྩམམ་ཆོས་ཤིག་རེད་ཅེས་བཤད་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་དེའི་ནང་དུ་སྙན་ངག་གི་རང་མདངས་ལྡན་པའི་ཚིག་སྦྱོར་མང་བོ་ཞིག་རྙེད་རྒྱུ་ཡོད་པ་ཡིན།
འོ་ཡ། ཡང་བསྐྱར་ལྷན་རྒྱས་ཀྱིས་ངས་འཆལ་འཆོལ་བཤད་ཁུལ་བྱས་པ་ལ་ཉན་པ་བཀའ་དྲིན་ཆེ།