རྟ་མཆོག
- ཧོར་གཙང་འཇིགས་མེད།
- 2015年5月12日
- 讀畢需時 1 分鐘
ཧོར་གཙང་འཇིགས་མེད།
བདག་སྙིང་མཐའ་དབུས་བྲལ་བའི་སྤང་ཐང་གི་ལྗོངས་ན།། རིག་པའི་འཇག་རྩྭ་ཟོས་པ་འདོ་རིགས་ཀྱི་རྟ་མཆོག། སྲབ་ཐུར་རྒྱ་ལས་ཐར་བའི་འཚེར་སྐད་ཅིག་སྒྲོག་སྟེ།། སྟོད་ཀྱི་གངས་དཀར་འཁྲིགས་པའི་རི་སུལ་དུ་ཆས་འགྲོ།།
གདོད་མའི་མུན་ཁང་ཕུག་གི་སྲན་ཕུང་ལ་མི་ཆགས།། རྟ་རྫི་རྒན་པོ་ཁྲོས་པའི་ལྕག་ཚན་ལ་མི་སྐྲག། རྨིགས་བཞིས་འབུ་སྲིན་བསད་པའི་སྡིག་པ་ལ་མི་འཛེམས།། སྔ་ཕྱི་གང་ཡང་མི་སེམས་ད་ལྟ་ཡི་འཆར་སྒོ།།
བདག་གི་འཕོང་ན་མཆིས་པ་རྟ་ལྕག་གི་རྨ་ཁ།། བདག་གི་སེམས་ན་མཆིས་པ་ལོ་རྒྱུས་ཀྱི་རྨ་ཁ།། བདག་གི་ངག་ཏུ་གྱེས་པ་ན་ཟུག་གི་འཚེར་སྐད།། བདག་གི་མིག་ཏུ་འབབ་པ་ཕངས་སེམས་ཀྱི་མཆི་མ།། དཔའ་རྩལ་འགྲན་ཟླ་བྲལ་བ་ཕ་རྒན་གྱི་མཆན་ལ།། གསེར་དང་དངུལ་གྱི་འུར་རྡོ་ལྕི་མོ་ཡིས་ཕོག་པས།། མི་རིབས་བརྒྱ་ལ་སོས་མེད་འཆི་བདག་གི་ནད་སྙིང་།། བུ་རྒྱུད་ཕྱི་མར་བཞག་པས་དེ་རིང་ལ་ཐུག་སོང་།།
རིན་ཆེན་གསེར་སྐྱོགས་འཛིན་པ་ན་ཆུང་གི་ཚོགས་ཀྱིས།། སྒེག་མཛེས་སྟབས་ཀྱིས་བཅུས་པའི་ཁ་འབབ་ཀྱི་ཆུ་ཀླུང་།། དོམ་ནག་སྨྱོན་པ་ཁྲོས་པའི་རྐང་པ་ཡིས་བརྫིས་པས།། དམར་ནག་འདམ་གྱི་ཁུ་བ་རྒྱ་མཚོ་ལ་འདྲེས་སོང་།།
རབ་སོ་བདུན་དུ་གྲགས་པ་འབྲི་ཀླུང་གི་སྐེད་པ།། ང་ཡི་རྨིགས་རྩེ་རྣོན་པོའི་སྤུ་གྲི་ཡིས་གཏུབས་ཏེ།། བགྲངས་ཀྱང་དྭངས་པ་མེད་པ་རྙོག་ཀླུང་གི་འབབ་རྒྱུན།། རྟ་གདོང་མེ་རི་འབར་བའི་ཞལ་ཟས་སུ་བརྫིངས་ངེས།།
ང་ཡི་ཕ་ནི་འཆི་མེད་ལོ་རྒྱུས་ཀྱི་རྒན་པོ།། ང་ཡི་མ་ནི་རྒས་མེད་གངས་དཀར་གྱི་ལྷ་མོ།། ང་ཡི་རྣམ་ཤེས་སྐྱེ་མེད་འགག་མེད་ཀྱི་རི་རབ།། ང་ཡི་ཟུངས་ཁྲག་རྙོག་མེད་འཛད་མེད་ཀྱི་རྨ་ཀླུང་།།
ཁྱོད་ནི་ཤ་ཁྲག་སྩོལ་བའི་དྲིན་ཆེན་གྱི་ཨ་མ།། ང་ནི་ཁྱོད་ཉིད་སྐྱོང་བའི་བསླུ་མེད་ཀྱི་བདག་པོ།། ཚེ་སྲོག་གསར་བ་རྙེད་ས་ཁྱོད་ཀྱི་ཕང་བ།། རུས་པའི་ཕྱི་རྗེས་འཇོག་སའང་ཁྱོད་ཉིད་ཀྱི་ཕང་བ།།
ཀྱག་ཀྱོག་འགག་འཕྲང་དོག་པ་མདུན་ཕྱོགས་ཀྱི་ལམ་ཕྲེང་།། མདའ་མཚོན་ཆར་པ་འབེབས་པ་རྒྱབ་ཕྱོགས་ཀྱི་ར་མདའ།། རྡོ་དང་ཚེར་མ་གཟེངས་པ་གདོན་འདྲེ་ཡི་ཆོ་འཕྲུལ།། སུ་དང་གང་གི་གནོད་པས་ང་རང་ལ་མི་ཚུགས།།
ལུས་ལ་འཇིགས་པ་མི་མངའ་རྡོ་རྗེ་ཡི་བྲག་རི།། ངག་གིས་ལྷང་ལྷང་སྒྲོག་པ་སྙན་ངག་གི་འཚེར་སྒྲ།། སེམས་སུ་འགྱུར་ལྡོག་མེད་པ་གངས་དཀར་གྱི་མ་ཡུམ།། སུག་བཞིས་ཤུགས་ཀྱིས་བགྲོད་པ་སྤང་ལྗོངས་ཀྱི་དོན་དུ།།
མཚམས་སྤྲིན་འོད་དམར་འབར་བ་ང་རང་གི་འཇིག་རྟེན།། འཇིག་རྟེན་གསར་བའི་ཁོར་ཡུག་ང་རང་ལ་དབང་ཡོད།། ང་ཡི་འཇིག་རྟེན་སྐྱོང་བ་ང་རང་གི་འོས་བབས།། སྒྲུབ་པས་ངལ་དུབ་མེད་པ་ང་རང་གི་ནུས་མཐུ།།
སྲབ་དང་སྒྲོག་ལ་སྡང་བ་སྙིང་ཁོང་གི་ཞེ་སྡང་།། ལ་ཐུར་ཁྱད་མེད་རྒྱུག་པ་སེམས་གཏིང་གི་ལ་རྒྱ།། ལྡུམ་བུའི་ཁ་ཟས་སྤངས་པ་འགྱུར་མེད་དམ་བཅའ།། སྤང་ལྗོངས་བདག་གིར་འཛིན་པ་བརྩོན་སེམས་ཀྱི་རང་མདངས།། ༼ཡོང་ཁུངས་།མཆོད་མེ་།བོད་ཀྱི་རྩོམ་རིག་དྲ་བ།༽
ཧོར་གཙང་འཇིགས་མེད།
Comments