རྩོམ་ཡིག་ཅིག་བཀླགས་པ་ལས་རྙེད་པའི་མྱོང་ཚོར། ཧོར་གཙང་འཇིགས་མེད།
- europeantibetancul
- 2015年5月12日
- 讀畢需時 1 分鐘
རྩོམ་ཡིག་ཅིག་བཀླགས་པ་ལས་རྙེད་པའི་མྱོང་ཚོར། ཧོར་གཙང་འཇིགས་མེད།
ཁ་སང་གཞོན་སྐྱེས་རིགས་པ་སྨྲ་བ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བྲིས་པའི་མོག་མོག་དང་འབྲེལ་བའི་དཔྱད་རྩོམ་ཞིག་བཀླགས་པ་ཡིན་ལ། ཁོང་གིས་བཀའ་འགྱུར་དང་བསྟན་འགྱུར་གཙོས་པའི་དཔྱད་གཞིའི་ཡིག་རིགས་རྒྱ་ཆེ་ཞིང་། ཡིག་ཆ་ཁུངས་བཙུན་དང་རིགས་ལམ་ཇེ་ཞིབ་ལ་བཏང་ནས་དོན་གནད་བྱེ་བྲག་པ་གླེང་ཐབས་ལ་འབད་བརྩོན་གནང་འདུག་པ་དེ་ང་ཚོ་བོད་ཀྱི་རིག་གནས་ལ་འཇུག་མཁན་རྒན་གཞོན་ཚང་མས་ངོས་འཛིན་ཞུ་དགོས་པ་ཞིག་ཏུ་མཐོང་།
རྒྱུ་མཚན་ནི་ད་ལྟའི་བར་ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེའི་སྐྱོ་ཞན་གྱི་ཆ་གལ་ཆེན་ཁག་ཅིག་ཡོད་པ་ནི། གཅིག་ནས་རང་གིས་དཔྱད་གཏམ་དང་བསམ་ཚུལ་འདོན་སའི་དཔེ་ཆ་དང་རྩོམ་ཡིག་དེ་དག་རྦད་དེ་ཀློག་མྱོང་མེད་པ་དང་། ཡང་ན་དེའི་ནང་གི་དོན་ཚན་ཁ་ཤས་དང་ཤོག་ངོས་ཁ་ཤས་བམ་ཀློག་བྱས་པ་རྨང་གཞིར་བཞག་སྟེ། སྤོབས་པ་ཆེན་པོའི་ངང་རང་སྣང་གང་དྲན་གྱི་དཔྱད་གཏམ་སྤེལ་གྱིན་ཡོད་པ་དང་། གཉིས་ནས་དཔྱད་གཞིའི་ཡིག་ཆའི་ཁུངས་ལུང་མི་འཚོལ་བར་སྲང་ལམ་གྱི་སྐད་ཆ་ལྡོམ་པོ་ལ་བདག་པོ་བརྒྱབ་སྟེ་དགག་སྒྲུབ་བྱེད་ཀྱིན་ཡོད་པ། གསུམ་ནས་དོན་གནད་བྱེ་བྲག་པ་གླེང་རྒྱུ་ལས་སྤྱི་བམ་གྱི་བརྗོད་གཞི་རྒྱ་ཆེན་པོ་གླེང་སྟེ་ཅི་ཙམ་གླེངས་ཀྱང་དོན་དག་ཇེ་གསལ་དུ་འགྲོ་རྒྱུ་མེད་པའི་རྩོམ་ཡིག་མང་བོ་འབྲི་བཞིན་ཡོད་པ་དེ་རིགས་ཡིན།
ད་དུང་སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ང་ཚོར་དྲན་བསྐུལ་དང་ཉེན་བརྡ་གལ་ཆེན་ཞིག་བཏང་འདུག་པ་ནི། ང་ཚོས་རང་ཉིད་ལ་ཐེབས་པའི་ཆུང་དུས་ཀྱི་བག་ཆགས་མང་བོ་ཞིག་ཡོད་པ་ལ་སྤང་བླང་ངེས་པར་དུ་བྱེད་དགོས་པ་དེ་ཡིན། དུས་རབས་ཉི་ཤུ་བའི་ནང་གི་དམར་ཤོག་གཞུང་ལུགས་སྨྲ་བ་ལེ་ཉིན་དང་སི་ཏཱ་ལེན་ལྟ་བུའི་བསམ་བློ་ནི། བྱིས་པ་ཆུང་ཆུང་གི་ཀླད་པ་དེ་འབག་བཙོག་གིས་མ་གོས་པའི་ཆུ་མིག་དྭངས་མོ་ལྟ་བུ་ཡིན་ལ། དྭངས་གཙང་གི་ཆུ་མིག་དེའི་ནང་དུ་ཚོན་མདོག་དམར་བོ་བླུགས་ཚེ་ཆུ་ཡི་ཁ་དོག་དམར་བོར་འགྱུར་བ་དང་། ལྗང་གུ་བླུགས་ཚེ་ཆུའི་ཁ་དོག་ལྗང་གུར་འགྱུར་བར་ཡིད་ཆེས་བྱས་ཡོད་ལ། ཚུར་ཕྱོགས་ནས་ཆོས་ལུགས་པ་རྣམས་ཀྱིས་བྱིས་པ་ཚོར་ཆུང་དུས་ནས་རང་གིས་འདོད་པའི་ཆོས་ལུགས་ཀྱི་བག་ཆགས་དང་ཤན་ཤུགས་ཐེབས་སུ་འཇུག་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དེ་ཡང་དོན་གྱིས་དམར་ཤོག་གི་ལྟ་གྲུབ་སྨྲ་བ་དེ་ཚོ་དང་འདྲ་མཚུངས་ཡིན།
ང་ཚོ་མི་རེ་རེ་ལ་སྐྱེད་བྱེད་ཀྱི་ཕ་མ་ཡོད་ལ། བསྐྱེད་སྲིང་བྱེད་སའི་ཁྱིམ་ཚང་དང་གྲོང་སྡེ། ཡང་ན་གྲོང་བརྡལ་དང་གྲོང་ཁྱེར་གང་རུང་ཞིག་ངེས་པར་དུ་ཡོད་པ་ཡིན་པས། ང་ཚོའི་བསམ་བློའི་ནང་ཕ་མ་དང་ཁྱིམ་ཚང་། ཡང་ན་ཁྱིམ་མཚེས་དང་གྲོང་སྡེ་སོགས་སྤྱི་ཡོངས་ལ་ཡོད་པའི་བསམ་བློའི་བག་ཆགས་ངེས་ཅན་ཞིག་མ་ཐེབས་པའི་མི་ཞིག་ཕལ་ཆེར་མི་རྙེད་པ་ལྟ་བུ་ཡིན། དེའི་རྐྱེན་གྱིས་སྔར་བྱུང་ལོ་རྒྱུས་ཐོག་ཤ་འཁོན་ཡོད་སའི་གྲོང་སྡེ་གཉིས་ཀྱི་བྱིས་པ་ཚོས། གྲོང་སྡེ་ཕན་ཚུན་གྱི་བར་ཤ་འཁོན་འབྱུང་སྐབས་ཀྱི་དངོས་ཡོད་གནས་ཚུལ་མཐོང་མེད་པར་མ་ཟད། ཤ་འཁོན་དེ་རིགས་ཇི་ལྟར་བྱུང་བ་དང་ཅིའི་ཕྱིར་བྱུང་བ་སོགས་ཀྱི་གནས་ཚུལ་ཀྱང་རབ་རུབ་སབ་སུབ་ལས་ཤེས་ཀྱིན་མེད་ཀྱང་། བྱིས་པ་དེ་དག་གི་སེམས་ནང་ན་ཡོད་པ་ནི། ཕར་ཕྱོགས་ཀྱི་གྲོང་སྡེ་དེ་རང་གི་གྲོང་སྡེའི་དགྲ་བོ་ཡིན་པའི་འདུ་ཤེས་འཛིན་སྟངས་གཏན་ཆགས་སུ་གྱུར་ཡོད་པ་དེ་ཡིན། དེ་འདྲའི་བག་ཆགས་ཟབ་མོ་ཐེབས་ཟིན་པའི་བྱིས་པ་ཚོར་ཕར་ཕྱོགས་ཀྱི་མིས་དངོས་ཡོད་གནས་ཚུལ་ལ་འགྲེལ་བཤད་ཅི་ཙམ་བརྒྱབ་ཀྱང་། བསམ་བློའི་བག་ཆགས་དེ་ལས་ཐར་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།
རང་སྟེང་གི་མྱོང་བ་དངོས་དང་སྦྱར་ནས་བཤད་ན། ང་རང་ལོ་ན་གཞོན་དུས་གྲྭ་བ་བྱས་ཏེ་དགོན་སྡེའི་སྲོལ་རྒྱུན་ལ་ཡོད་པའི་རིག་གནས་ལ་སྦྱངས་པ་བྱས་མྱོང་ཡོད་མཁན་ཞིག་ཡིན་ལ། དུས་ཡུན་ཧ་ཅང་རིང་བོའི་བར་དུ་དགོན་པའི་ནང་གི་གྲྭ་བ་གྲྭ་རྐྱང་གི་བསམ་བློའི་བག་ཆགས་ལ་འགྱུར་བ་གཏོང་མ་ཐུབ་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད། ངས་འདིར་བཤད་བཞིན་པའི་དཀའ་ངལ་དེ་ཆོས་ལུགས་ཀྱིས་བསྐྱེད་པའི་བག་ཆགས་ལ་བཤད་ཀྱིན་མེད་པར། གྲྭ་བ་གྲྭ་རྐྱང་ཞིག་གིས་འཇིག་རྟེན་ལ་ལྟ་སྟངས་དེ་ཡིན། དགོན་པའི་ནང་གི་གྲྭ་རྐྱང་མང་བོ་ཞིག་ལ་རང་རང་ལ་དབང་བའི་ཁང་བ་མེད་པར་བླ་སྤྲུལ་ཁག་གི་བླ་བྲང་གི་ཟ་ཟུར་དང་། ཁང་བ་ཡོད་པའི་གྲྭ་བ་གཞན་གྱི་ཁང་མིག་ལྷག་མ་གཡར་ནས་སྡོད་ཐབས་བྱེད་ཀྱིན་ཡོད་ལ། ཁང་བདག་གི་འགྲིག་ལམ་དང་འགལ་ན་འཕྲལ་དུ་ཕྱིར་འབུད་བྱེད་ཆོག་ཆོག་ཡིན། འོན་ཀྱང་གྲྭ་རྐྱང་དེ་རིགས་ཀྱི་སེམས་ལ་གནོན་ཤུགས་གང་ཡང་ཕོག་གིན་མེད་པར། ཁོང་ཚོས་ནམ་རྒྱུན་གླེང་བཞིན་པ་ནི། “ལོ་བརྒྱ་ལ་སྡོད་ན། འཁྱམ་ར་བརྒྱ་བརྗེ་ཆོག” ཅེས་རང་ཉིད་ལ་ངར་ཤུགས་སློང་གིན་ཡོད་ལ། དངོས་ཡོད་གནས་ཚུལ་ཐོག་ཁོང་ཚོའི་བསམ་བློ་དེ་ལྟར་ཡིན།
ཁོང་ཚོ་སྤྱི་ཚོགས་ཐོག་གི་མི་གཞན་དང་མི་འདྲ་བར་ཁང་བདག་གིས་ཕྱིར་འབུད་བྱས་ན་སེམས་ལ་གནོན་ཤུགས་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ལ་རྒྱུ་མཚན་རིགས་ཁ་ཤས་ཤིག་ཡོད་པ་འདྲ་སྟེ། གཅིག་ནས་དགོན་སྡེའི་ནང་གི་ཁང་བ་གཡར་མཁན་ཚོས་ཁང་གླ་ལེན་སྲོལ་གཏན་ནས་མེད་པས། སྤྱི་ཚོགས་ཐོག་གི་མིས་ཁང་བ་གླས་ནས་སྡོད་མཁན་ཚོ་ནང་བཞིན། ཁང་བདག་དང་ཁང་བ་གླ་མཁན་གཉིས་ཀྱི་བར་ཁྲིམས་མཐུན་གྱི་གན་རྒྱ་འཇོག་མི་དགོས་པ་དང་། གཉིས་ནས་ཁང་བ་འཚོལ་མཁན་གྱི་ཚོགས་པ་ “Real-estate agency ”ལ་ཁང་བ་འཚོལ་གླ་སྟེར་མི་དགོས་པ། གསུམ་ནས་ཁང་བའི་ནང་མ་སྤོས་སྔོན་ལ་ཟླ་ངོ་གཅིག་གམ་གཉིས་ཀྱི་ཁང་གླ་སྔ་འདོན་བྱེད་མི་དགོས་པ། དེའི་ཐོག་ལ་ཟླ་བ་གཉིས་དང་གསུམ་གྱི་ཁང་གླ་དང་མཉམ་པའི་གཏའ་དངུལ་ཉར་འཇོག་བྱེད་མི་དགོས་པ་བཅས་ཀྱི་དཀའ་རྙོག་དེ་རིགས་མེད་པ་ཡིན་སྟབས། ཁང་བ་བརྗེ་རྒྱུ་དེ་དམིགས་བསལ་གྱི་དཀའ་ངལ་ཞིག་ཏུ་མཐོང་གིན་མེད་པ་དང་། བཞི་ནས་གྲྭ་བ་གྲྭ་རྐྱང་ཚོར་རང་ཉིད་གཅིག་པུ་ལས་གཞན་པའི་བྱིས་པ་དང་ཕ་མ། ལོ་ལོན་རྒན་འཁོགས་སོགས་རང་ཉིད་ལ་ལྟོས་ནས་འཚོ་གནས་བྱེད་དགོས་མཁན་གཞན་མེད་པས། རང་ཉིད་ལ་སྡོད་ས་མ་རག་ཀྱང་ངོ་ཤེས་དང་གྲོགས་པོ་སོགས་ཀྱི་ཁང་བའི་གྲུ་ཟུར་དུ་ཉལ་ས་ཞིག་རག་ཚེ་དོན་དག་ཐག་གཅོད་བྱེད་ཐུབ་པའི་ཁྱད་པར་ཡང་ཡོད་པ་ཡིན། ལྔ་ནས་དེ་དག་ལས་ཀྱང་གལ་ཆེན་ཡིན་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། བསམ་བློའི་འདུ་ཤེས་འཛིན་སྟངས་དེ་ཡིན་ལ། གྲྭ་བ་རྣམས་ཀྱི་མི་ཚེ་སྐྱེལ་ས་དེ་དགོན་པའི་ནང་ཡིན་ལ། རང་ཉིད་དགོན་སྡེའི་ཡོང་སྒོ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད་སྟབས། རང་གི་འཚོ་གནས་ཀྱི་ཐོན་ཁུངས་དེ་དགོན་པའི་ནང་གི་བླ་མ་དང་དཔོན་རིགས་ཚོར་ལྟོས་མི་དགོས་པར། སྦྱིན་བདག་གིས་གྲྭ་ཚོགས་ལ་མང་འགྱེད་རྒྱག་སྐབས་གྲྭ་བ་རེ་རེར་ཆ་སྙོམས་ཀྱི་སྐུ་ཡོན་འབུལ་བ་ལས་གཞན། གྲྭ་བ་གང་ཞིག་ལ་དངུལ་འབོར་ག་ཚད་ཐོབ་མིན་དེ་ཞལ་ངོ་དང་དགེ་བསྐོས། ཡང་ན་ཁྲི་བ་དང་མཁན་པོ། ཐ་ན་དགོན་བདག་གི་སྟངས་འཛིན་ལས་ཀྱང་འདས་པ་ཞིག་ཡིན་ལ། རང་གི་འཚོ་གནས་ཀྱི་ཆ་རྐྱེན་དེ་དགོན་པའི་ནང་གི་མི་སུ་ལའང་ཐད་ཀར་འབྲེལ་བ་མེད་པའི་དབང་གིས། འཚོ་གནས་ཀྱི་ཐད་ཁོང་ཚོའི་སེམས་ལ་གནོན་ཤུགས་མེད་ཅིང་། ཁོང་ཚོས་དགོན་པའི་སྒྲིག་ཁྲིམས་དང་དགེ་འདུན་པའི་བསླབ་ཁྲིམས་དང་འགལ་བའི་ཉེས་པ་མ་བསགས་པར་བསྡད་པ་ཡིན་ན། མི་སུས་ཀྱང་ཁོང་ཚོའི་འཚོ་བའི་ཡོངས་འབབ་ལ་བར་ཆད་བྱེད་མི་ཐུབ་པའི་སྟབས་ཀྱིས། གྲྭ་རྐྱང་ཚོས་རང་གི་ལྟ་གྲུབ་དང་བསམ་ཚུལ་རྣམས་སུ་གང་ལ་སྟབས་བསྟུན་བྱེད་མི་དགོས་པའི་བསམ་བློའི་རང་དབང་ཆེ་ཞིང་། དེ་འདྲའི་གནས་སྟངས་དམིགས་བསལ་བའི་དབང་གིས་ལོ་རྒྱུས་ཐོག་དགེ་འདུན་པ་ཚོས་ལྟ་གྲུབ་དང་བསམ་བློའི་རྩོད་པ་ཧ་ཅང་མང་བོ་བརྒྱབ་ཡོད་ལ། ཁོང་ཚོའི་རྩོམ་ཡིག་ལ་དགག་སྒྲུབ་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཁོང་ཚོས་མི་གཞན་ལ་དགག་སྒྲུབ་ཅི་ཙམ་བྱས་ཀྱང་། ཕ་རོལ་བོའི་སེམས་ལ་ཕོག་ཐུག་གཏོང་བ་ཙམ་ལས། ཕ་རོལ་བོས་དགག་སྒྲུབ་བྱེད་མཁན་གྱི་གྲྭ་བ་དེའི་མི་ཚེའི་མདུན་ལམ་འགོག་པའི་ནུས་པ་གང་ཡང་མེད་པ་དེ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན།
ད་དུང་ཁྱད་པར་གཞན་ཞིག་ཡོད་པ་ནི། དགོན་པའི་ནང་གི་གོ་གནས་ཆེ་ཤོས་རིགས་གཉིས་གསུམ་ཞིག་ཡོད་པ་ནི། བླ་སྤྲུལ་མ་ཡིན་པའི་གྲྭ་བ་དཀྱུས་མ་ཞིག་དགེ་བཤེས་ཧ་ཅང་ཆེན་པོར་གྱུར་ན་རྒྱུད་སྡེའི་གྲྭ་ཚང་ཁག་གི་རྡོ་རྗེ་འཛིན་པ་དང་ཁྲི་བར་སྡོད་རྒྱུ་དེ་ཡིན་ལ། གོ་གནས་གཞན་ཞིག་ཡོད་པ་ནི། དགེ་བསྐོས་དང་ཞལ་ངོ་ལ་སྡོད་རྒྱུ་དེ་ཡིན། འོན་ཀྱང་གྲྭ་རྐྱང་ཚོའི་ནང་ན་གོ་གནས་དེ་རིགས་ལ་དགའ་མོས་བྱེད་མཁན་ཤིན་ཏུ་དཀོན་པོ་ཡིན། དེའི་རྒྱུ་མཚན་ནི་དགོན་པའི་གོ་གནས་དེ་དག་རག་ཀྱང་མི་སྐྱའི་ནང་དད་པ་བྱེད་མཁན་ཁག་ཅིག་འབྱུང་བ་དང་། རང་ལ་ལས་ཚགས་ཇེ་མང་དུ་འགྲོ་བ་ལས་གཞན་པའི་དབང་ཐང་གང་ཡང་ལོངས་སུ་སྤྱོད་རྒྱུ་མེད་པའི་མིང་ཙམ་གྱི་གོ་གནས་ཤིག་ཡིན་ལ། གོ་གནས་དེ་རིགས་མི་སྐྱའི་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དབང་ཐང་དམིགས་བསལ་བ་ལོངས་སུ་སྤྱོད་པའི་གོ་གནས་དེ་དག་ལ་བསྡུར་རིན་མེད་པའི་གོ་གནས་ཡིན་ཕྱིར། གྲྭ་རྐྱང་ཚོའི་སེམས་ན་རང་ཉིད་ཀྱིས་གཡས་གཟབ་གཡོན་གཟབ་བྱས་ན་མ་འོངས་པར་མདུན་ལམ་དང་གོ་གནས། ཐོབ་ཐང་རླབས་ཆེན་ཞིག་རག་རྒྱུ་ཡོད་པའི་རེ་དོགས་གང་ཡང་འཆང་གིན་མེད་པ་དེ་ཡིན།
གནས་སྟངས་དམིགས་བསལ་བ་འདི་ཤེས་རྟོགས་བྱུང་ཟིན་པའི་རྗེས་སུ། ང་ཚོས་ད་ལྟའི་སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་ཚོའི་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ན་དོན་དག་ཁ་ཤས་ཤིག་མཐོང་ཐུབ་པ་སྟེ། ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཁག་གི་སློབ་ཆེན་གྱི་སློབ་དཔོན་ཚོ་ཡུལ་ལུང་སྐྱོ་བོའི་ནང་གི་རྒྱལ་བོ་རེ་རེ་ཡིན་ལ། ཁོང་ཚོས་སློབ་མ་སྤྱི་དང་། ཁྱད་པར་དུ་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་མ་ཚོ་སློབ་མཐར་མ་ཕྱིན་བར་སྟངས་འཛིན་ཆེན་པོ་བྱེད་ཐུབ་ཀྱིན་ཡོད་ལ། སློབ་མ་དེ་དག་གིས་རང་རང་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་སློབ་དཔོན་ཚོའི་བསམ་ཚུལ་ཡོད་ཚད་ལ་དང་ལེན་བྱེད་རྐྱང་བྱེད་ཀྱིན་ཡོད། དེ་ནི་སློབ་མ་དེ་དག་གིས་སློབ་དཔོན་ཆེན་མོ་ཚོར་སེམས་ཀྱིས་དད་མོས་དང་གུས་བརྩི་བྱས་པ་ཞིག་མིན་པར། སློབ་མ་དེ་དག་གི་མི་ཚེའི་འཚོ་གནས་དང་མདུན་ལམ་ཡོད་ཚད་སློབ་དཔོན་དེ་དག་གི་སྟངས་འཛིན་འོག་ཡོད་པའི་སྟབས་ཀྱིས་ཡིན། ཡར་ཐོན་རྒྱལ་ཁབ་ཁག་གི་སློབ་གྲྭ་ཆེན་མོ་ཁག་གི་སློབ་དཔོན་དང་མཁས་དབང་དེ་དག་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཚན་རིག ཆབ་སྲིད། དམག་དོན། འཕྲོད་བསྟེན། ཁོར་ཡུག ཚོང་ལས། ཕྱི་འབྲེལ་སོགས་ལས་རིགས་ཕལ་ཆེར་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་མ་ཟད། ཁོང་ཚོའི་ནུས་ཤུགས་དེ་དངོས་ཤུགས་བརྒྱུད་གསུམ་ནས་འཛམ་གླིང་གི་མི་གྲངས་དུང་ཕྱུར་མང་བོའི་འཚོ་གནས་དང་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན།
ད་དུང་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་ཚོས། དཔེ་དེབ་ཅིག་ཕར་ཟད་ཐ་ན་ཤོག་ལྷེ་དུ་མ་ཡོད་པའི་དཔྱད་རྩོམ་ཞིག་བྲིས་ཀྱང་དེ་དང་འབྲེལ་བ་ཕྲན་བུ་བྱུང་བའི་མཁས་པ་དང་དབང་ཐང་ཆེན་པོ་ཡོད་མཁན་ཚོར་དངོས་ཡོད་གནས་ཚུལ་ལས་འདས་པའི་ཐུགས་རྗེ་ལེགས་གསོལ་འབུལ་དགོས་ཀྱིན་ཡོད་ལ། གལ་སྲིད་ཁྱེད་ཀྱིས་ཁོང་ཚོའི་སེམས་པ་དགའ་རུ་མ་བཅུག་པའམ་ཁོང་ཚོར་ཕོག་ཐུག་བཏང་བ་ཡིན་ན། དངོས་ཤུགས་བརྒྱུད་གསུམ་ནས་ཁྱེད་ཀྱི་མི་ཚེའི་མདུན་ལ་བར་ཆད་འབྱུང་གིན་ཡོད། རྒྱུ་རྐྱེན་དེ་རིགས་ཀྱི་དབང་གིས་རང་གི་དམིགས་བྱའི་ཐོག་སླེབས་རྒྱུར་བསྡད་པའི་རྩོམ་པ་བོ་དང་ཤེས་ཡོན་ཅན་ཚོའི་ནང་དུ་རང་གི་ཆེད་ལས་དང་འབྲེལ་བ་ཡོད་པའི་སློབ་དཔོན་ཆེན་མོ་དང་། ཞིབ་འཇུག་པ་སོགས་འབྲེལ་ཡོད་ལྟོས་བཅས་ལ་ཕོག་ཐུག་གཏོང་མི་དགོས་པ་གཙོར་འདོན་བྱེད་ཀྱིན་ཡོད་པ་དེ་ཡིན། འདི་ནི་རང་དབང་དང་དམངས་ཚོའི་སྨྲ་བརྗོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་པ་ཚོ་ཇི་ལྟར་འཚོ་གནས་བྱེད་ཀྱིན་ཡོད་པའི་གནས་སྟངས་ངོ་མ་དེ་ཡིན།
ང་རང་སྤྱི་ལོ་༡༩༩༢ ལོའི་དབྱར་ཁར་པེ་ཅིན་ནས་སློབ་གྲྭ་ཐོན་ཏེ་ཟླ་བ་གསུམ་མ་ཟིན་གྱི་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་ཕྱིན་པ་ཡིན། བཙན་བྱོལ་གྱི་མི་ཚེ་སྐྱེལ་མགོ་ཚུགས་ནས་དུས་ཡུན་རིང་བོ་མ་སོང་བར་མུ་མཐུད་ནས་གྲྭ་བའི་མི་ཚེ་རྒྱུན་འཁྱོངས་བྱེད་མ་ཐུབ་ཀྱང་། ཕྱིས་ཀྱི་ལོ་ངོ་མང་བོ་བོའི་རིང་ནང་བསམ་བློའི་འཛིན་སྟངས་མང་བོ་ཞིག་སྔར་གྱི་གྲྭ་བ་གྲྭ་རྐྱང་གི་ཁོར་ཡུག་ཏུ་གནས་ཡོད་པ་ད་ལྟ་གཞི་ནས་ཤེས་རྟོགས་བྱུང་། གྲྭ་བ་གྲྭ་རྐྱང་གི་བསམ་བློའི་བག་ཆགས་ཀྱི་དབང་གིས་རང་གི་བསམ་ཚུལ་གང་ཡོད་ཡིག་ཐོག་ཏུ་ཕབ་ནས་འགྲེམས་སྤེལ་བྱེད་རྒྱུ་མེད་པ་དང་། དབང་ཆ་ཡོད་པའི་མི་རྣམས་ལ་ཕོག་ཐུག་གཏོང་མི་ཉན་པའི་གནས་ལུགས་མ་ཤེས་པའི་དབང་གིས། སྔ་ཕྱིར་ཤམ་བྷ་ལའི་སྐོར་གྱི་རྩོམ་ཡིག་བྲིས་ཏེ་ཆོས་ལུགས་པའི་སྡེ་ལ་ཕོག་ཐུག་བཏང་བ་དང་། ཞེ་སའི་སྐོར་དང་། དབྱིངས་ཡིག་གི་འབྱུང་ཁུངས་བཙལ་བ། པ་དང་བའི་ཐོབ་ཐང་བཤད་པ་སོགས་ཀྱི་དབང་གིས་ངོ་ཤེས་པ་དང་མི་ཤེས་པའི་ལྷ་ས་ཁུལ་ནས་ཡོང་བའི་ཤེས་ཡོན་པ་མང་བོ་ཞིག་ལ་ཕོག་ཐུག་བཏང་བ། གཞི་བདག་གི་སྐོར་ལ་རྩོམ་ཡིག་ཅིག་བྲིས་པའི་ཞོར་ལ་འདྲེ་རྐང་ཐོའི་སྐོར་ཟུར་ཙམ་ཐོན་པས་དེ་འབྲེལ་གྱི་ཚོགས་སྡེ་བྱེ་བྲག་པ་ལ་ཕོག་ཐུག་བཏང་བ། དགེ་འདུན་ཆོས་འཕེལ་གྱི་མི་ཚེ་ལ་དཔྱད་བརྗོད་བྲིས་པས། ཞྭ་སྒབ་པ་ནང་མི་ལྟོས་བཅས་དང་ཁོང་ལ་དགའ་མོས་བྱེད་མཁན་གྱི་མི་མང་བོ་ཞིག་ལ་ཕོག་ཐུག་ཤོར་བར་མ་ཟད། དེ་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་སློབ་དཔོན་ཆེན་མོ་རེ་ཟུང་ལའང་ཕོག་ཐུག་ཤོར་བ། དེའི་ཕྱིས་འཇམ་དབྱངས་ནོར་བུས་༧གོང་ས་མཆོག་ལ་མཚན་སྨོད་སྟུད་མར་བྱས་སྐབས་དེ་ལ་དགག་ལན་ལྟ་བུ་བྲིས་ཏེ་ཁོང་དང་ཉེ་འབྲེལ་ལྟོས་བཅས་ལ་ཕོག་ཐུག་བཏང་བ་སོགས་ཀྱི་གནས་ཚུལ་མང་བོ་ཞིག་བྱུང་ཡོད།
བདག་གི་རྩོམ་ཡིག་དེ་དག་ལས་འཇམ་དབྱངས་ནོར་བུའི་སྐོར་དེ་ཆེད་དུ་མངགས་ནས་དགག་སྒྲུབ་བྱས་པ་ཞིག་ལས། གཞན་པ་རྣམས་ཆེད་དུ་དགག་སྒྲུབ་བྱས་པ་མིན་ཀྱང་། དོན་དག་གང་ཞིག་བརྗོད་པའི་ཞོར་ལ་རང་བཞིན་གྱིས་བསམ་བློ་མི་འདྲ་བའི་མི་དང་ཚོགས་སྡེ་ཁག་ཅིག་ལ་ཕོག་སོང་བ་ཤ་སྟག་རེད། ཡིན་ནའང་སྐབས་དེ་དག་ཏུ་བདག་གི་བསམ་བློའི་ནང་རྩོམ་པ་བོ་ཞིག་གིས་རང་གི་མཐོང་ཚུལ་བྲིས་པའི་དབང་གིས་གཞན་པ་མང་བོ་ཞིག་ལ་ཕོག་ཐུག་འགྲོ་བའི་དོགས་པ་འཆར་གྱིན་མེད་ལ། གལ་སྲིད་མི་ཁག་ཅིག་ལ་འདོད་མོས་མ་བྱུང་བ་བརྟེན་ནས་རང་གི་མི་ཚེའི་མདུན་ལམ་ལ་བར་ཆད་འབྱུང་རྒྱུ་ཡིན་པ་དེ་བས་ཀྱང་ཤེས་ཀྱིན་མེད། ད་ནི་ལོ་ངོ་བཅུ་ལྷག་གི་རིང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་མི་ཚེ་བསྐྱལ་ཅིང་། འདི་ཕྱོགས་སུ་འབྲེལ་ཡོད་ལས་ཀ་རེ་ཟུང་ལ་སྙན་ཞུ་བརྒྱབ་ཀྱང་བྲག་ཐོག་ལ་ཆུ་བྱོ་བ་དང་འདྲ་བར་ལམ་ཁ་གང་ཡང་མེད་པའི་རྒྱུ་རྐྱེན་དང་གནས་ལུགས་ལ་བསམ་བློ་བཏང་ཡོང་སྐབས། དགོན་སྡེའི་ནང་གི་གྲྭ་བ་གྲྭ་རྐྱང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་དབང་གིས་རང་གི་མདུན་ལམ་ཡོད་ཚད་ནག་བསུབ་ཏུ་བཏང་ཚར་བ་གཞི་ནས་ཤེས་རྟོགས་བྱུང་སོང་།
ལྷག་པར་དུ་བོད་པ་དང་ཕྱི་རྒྱལ་གྱི་ངོ་ཤེས་གྲོགས་པོ་ཚོས་རྟག་ཏུ་བཀའ་མོལ་གནང་བཞིན་པ་ནི། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་མི་ཞིག་ལ་ཤེས་ཡོན་ཡོད་མེད་དང་། འཇོན་ཐང་ཡོད་མེད། བསམ་བློ་དྲང་བདེན་ཡིན་མིན་དེ་གལ་ཆེན་གང་ཡང་ཆགས་ཀྱིན་མེད་པར། གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་གལ་གནད་ཅན་མི་སྣ་ཁག་ལ་འབྲེལ་ལམ་ཡག་པོ་འཛུགས་དགོས་པ་དང་། དེ་དག་མི་དགའ་བའི་ལས་ཀ་བྱེད་མི་ཉན་པ་དེ་རེད་ལ། གནས་ལུགས་དེ་དག་ཤེས་དུས་ཡོད་ཚད་འཕྱིས་དྲགས་པ་སྟེ། བོད་ཀྱི་གཏམ་དཔེ་ལ། རྐུན་མ་སོང་ཚར་བའི་རྗེས་སུ་སྒོ་བསྡམ་དང་མ་བསྡམས་ལ་ཁྱད་པར་མེད་པའི་གནས་ལུགས་ཀྱང་གཞི་ནས་ཤེས་རྟོགས་བྱུང་། གང་ལྟར་གནས་ཚུལ་དེ་རིགས་ཀྱི་དབང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་པའི་ཚོགས་སྡེ་དང་། ཆོས་ལུགས་པའི་ཚོགས་སྡེ། ཆབ་སྲིད་པའི་ཚོགས་སྡེའི་ནང་གི་མི་ཁག་ཅིག་གི་མིག་ལམ་ན། བདག་ནི་ཕྱོགས་རེས་རིང་ལུགས་པ་དང་། ལུང་ཚན་རིང་ལུགས་པ། ཆོས་ལུགས་འཐེན་ཁྱེར་རིང་ལུགས་པ་སོགས་བོད་མིའི་སྤྱི་ཚོགས་ལ་གནོད་ཚབས་ཆེ་བའི་གདོན་འདྲེ་ལྟ་བུ་ཞིག་ལ་བགྲང་གིན་འདུག་ཅིང་། ཤུགས་རྐྱེན་དེ་དག་གི་དབང་གིས་རང་ཉིད་གནས་སྡོད་བྱེད་སའི་བྱང་ཨ་རིའི་ཤར་ཕྱོགས་སུ་འཚོགས་དང་ཚོགས་བཞིན་པའི་བོད་ཀྱི་སྐད་ཡིག་(ཀོ་ལུམ་བྷི་ཡ་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་མགྲོན་འབོད་བྱས་པ་ཕུད་པའི།)དང་། ལོ་རྒྱུས། དེ་མིན་གྱི་རིག་གཞུང་གི་ཚོགས་འདུ་སྟེ་རང་ཉིད་ལ་སྦྱང་མྱོང་ངེས་ཅན་ཡོད་པའི་ཚོགས་འདུ་ཆེ་ཆུང་གང་ཞིག་ལའང་མཉམ་ཞུགས་བྱེད་མི་ཐུབ་པའི་སྒོ་མོ་གཏན་བཅད་ཀྱི་དངོས་ཡོད་གནས་སྟངས་ཀྱང་ཤེས་རྟོགས་གསལ་བོ་བྱུང་།
ད་ནི་རང་གིས་མི་ཚེ་ལ་སྦྱངས་པ་བྱས་པའི་འབྲེལ་ཡོད་ཀྱི་ཤེས་ཡོན་གྱི་ཚོགས་སྡེ་ཁག་གང་ལ་རེ་བ་རྒྱག་མི་དགོས་པའི་སེམས་ཐག་བཅད་ཟིན་ཅིང་། རང་དབང་གི་བསམ་བློ་ལས་བྱུང་བའི་སྔར་བྲིས་ཀྱི་བརྩམས་ཆོས་དེ་རིགས་ལ་རང་སེམས་ན་ནོངས་པ་འགྱོད་པ་གང་ཡང་སྐྱེ་བཞིན་མེད་མོད། འདིར་བཤད་འདོད་པ་ནི་གཞོན་དུས་ཀྱི་མི་ཚེ་བསྐྱལ་སའི་ཁོར་ཡུག་ངེས་ཅན་གྱི་བསམ་བློའི་བག་ཆགས་དེ་ཤིན་ཏུ་གཏིང་ཟབ་ཡིན་པ་དང་། བག་ཆགས་དེ་དག་ལས་ཐར་དགོས་ན་དུས་ཚོད་འགོར་གཞི་ཆེ་ཞིང་། དཀའ་ངལ་དང་ཀྱག་ཀྱོག་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་བརྗོད་པ་ཙམ་ཡིན།
འདི་དག་ནི་སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་རྩོམ་ཡིག་བཀླགས་པ་དང་འབྲེལ་ཏེ་དྲན་བསྐུལ་ཐེབས་པའི་བསམ་ཚོར་འཕྲལ་དུ་བྲིས་པ་ཡིན་པས། སྐྱོན་དང་ནོར་འཁྲུལ་བྱུང་ཡོད་ན། ནམ་རྒྱུན་བཞིན་ཤེས་ལྡན་པའི་སྡེས་དགྲ་ཤ་ལེན་སའི་གོ་སྐབས་ཤིག་ངོས་འཛིན་གྱིས་སྐྱོན་བརྗོད་ཆར་བ་འབབ་པ་ལྟར་གནང་རོགས་ཞེས་ཞུ་བཞིན་ཡོད།
སྤྱི་ལོ་༢༠༡༥ ལོའི་ཟླ་༢ ཚེས་༡༡ ཉིན་བྲིས།
Comments