འདི་འདྲ་མི་ཚེའི་ནང་སྔར་ཡང་བྱུང་མ་མྱོང་ལ་ཕྱིས་སུའང་འབྱུང་ཁག་པོ་ཡིན།
- ཧོར་གཙང་འཇིགས་མེད།
- 2015年5月12日
- 讀畢需時 3 分鐘

འདི་འདྲ་མི་ཚེའི་ནང་སྔར་ཡང་བྱུང་མ་མྱོང་ལ་ཕྱིས་སུའང་འབྱུང་ཁག་པོ་ཡིན།
སྐར་ཁུང་རྩོམ་སྒྲིག་པ། | 09/04/2014 | སྐར་ཁུང་བཅར་འདྲི།
བཅར་འདྲི་ཞུ་ཡུལ། ཧོར་གཙང་འཇིགས་མེད། བཅར་འདྲི་བྱེད་མཁན། སྐར་ཁུང་དྲ་བ།
༡) དྲི་བ། ཁྱོད་ལ་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་བའི་ཐོག་མའི་ཀུན་སློང་དེ་ཇི་ལྟར་སྐྱེས་བ་ཡིན་ནམ།
དྲི་ལན། སྨན་རྩིས་མཐོ་སློབ་ཁང་གི་དགེ་རྒན་བྱེད་སྐབས་ཏེ་སྤྱི་ལོ་༡༩༩༤ ལོར་མདོ་སྨད་ཀྱི་ལོ་རྒྱུས་སྐོར་ལ་དོ་སྣང་གང་འཚམ་བྱུང་། དེའི་རྐྱེན་གྱིས་མདོ་སྨད་ཆོས་འབྱུང་ཞིབ་ཀློག་ཚར་གཅིག་བྱས་པ་ཡིན། འོན་ཀྱང་སྐབས་དེར་ལོ་རྒྱུས་རིག་པ་ལ་རྒྱུས་མངའ་དེ་ཙམ་མེད་སྟབས། སྔར་གྱི་དོ་སྣང་དེའི་སྟེང་ལ་དོ་སྣང་འཕར་མ་སྐྱེ་རྒྱུའི་ཚབ་ལ་སྔར་གྱི་དོ་སྣང་དེ་ཡང་མེད་པར་གྱུར། སྤྱི་ལོ་༡༩༩༦ ལོར་དགེ་འདུན་ཆོས་འཕེལ་གྱི་སྐོར་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པའི་དཔེ་དེབ་ཅིག་བྲིས་པ་ཡིན། བོད་ཀྱི་དུས་བབ་གསར་ཁང་གིས་དཔར་འདེབས་བྱེད་རྒྱུ་ཡིན་ཟེར་ནས་ལོ་ངོ་གཉིས་ལྷག་ལ་ཁོང་ཚོས་ཉར་བ་རེད་དེ་མཐའ་མཇུག་དཔར་སྐྲུན་བྱེད་ཐུབ་མེད། དེར་བརྟེན་༡༩༩༩ ལོེར་རང་སྒེར་གྱིས་དཔར་སྐྲུན་བྱས་པ་ཡིན། དཔེ་དེབ་དེ་དཔར་སྐྲུན་བྱས་པ་དེས་མི་ཚེའི་མདུན་ལམ་ལ་གྱོང་གུན་གསབ་ཏུ་མེད་པ་ཞིག་རག་ཡོད། དེ་ཡང་རྒྱུ་མཚན་གཙོ་བོ་གཅིག་རང་རེད། དཔེ་དེབ་དེར་སྐུ་ཞབས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་རྩོམ་གཞི་(ཀིརྟི་རིན་པོ་ཆེས་དགེ་འདུན་ཆོས་འཕེལ་ལ་རྒྱུས་ཡོད་ཁག་ཅིག་ལ་བཅར་འདྲི་དང་ཕྱོགས་བསྒྲིགས་གནང་བའི་དེབ་དེའི་ནང་དུ། སྔར་དགེ་ཆོས་འཛིན་བཟུང་བྱས་སྐབས་བོད་ཀྱི་སྲིད་དོན་རྒྱལ་རབས་ཤིག་ཡོད་པའི་སྐོར་བཤད་འདུག)དེ་ཕལ་ཆེར་དགེ་ཆོས་ཀྱི་ཡིན་པའི་དོགས་སློང་བྱས་པ་དེས་བློ་ཡུལ་ལས་འདས་པའི་དོན་དག་མང་བོ་ཞིག་གི་མགོ་བསླངས་བྱུང་། དཀའ་ངལ་སྤྲོད་མཁན་དེ་དག་གི་ཡོངས་ཁུངས་གཙོ་བོ་ཁག་གཉིས་རེད། ཁག་གཅིག་ནི་སྤྱི་ལོ་༡༩༦༠ མགོ་སྟོད་དུ་གོང་ས་མཆོག་གིས་སྐྱབས་བཅོལ་གཞུང་དམངས་གཙོ་ཅན་དུ་བསྒྱུར་སྐབས། སྔར་གྱི་དཔོན་གནས་རྒྱུན་འཛིན་བྱེད་རྒྱུ་མེད་པ་བཟོས་པ་ལ་འདོད་བློ་མ་ཁེངས་ནས། ཐའི་ཝན་དུ་བཀའ་བློན་ལས་ཁུང་འཛུགས་མཁན་སོགས་སྐབས་དེ་དུས་ནས་ཐའི་ཝན་དང་། ནུབ་ཡུ་རོབ། བྱང་ཨ་རི་དང་ཁེ་ཎ་ཊ་བཅས་སུ་གནས་སྤོ་བྱས་པའི་མཐོ་རིམ་ཁྱིམ་ཚང་ཁག་ཅིག་ཡོད་པ་དེ་དག་ལས་ཁ་ཤས་ཤིག་དང་། དེ་དག་གི་ངོ་སོ་གཉེར་མཁན་དེང་དུས་ཀྱི་མི་སྣ་ཁག་ཅིག་ཡིན་ལ།
རིགས་གཞན་པ་དེ་ནི་༡༩༨༠ གྲངས་ནང་བོད་ནས་གསར་དུ་འབྱོར་བའི་མི་ཁག་ཅིག་ཡོད་པ་ཁོང་ཚོ་རེད། ཁོང་ཚོས་ཕྱི་ལ་མི་མངོན་པའི་ལྐོག་རྒོལ་དང་། གཞན་གྱི་ཁ་དང་ལག་པ་བེད་སྤྱད་ནས་ངེས་མེད་རྒོལ་རྡུང་བྱས་དང་བྱེད་ཀྱིན་ཡོད་པ་རེད། དེ་འདྲའི དབང་གིས་དཔེ་དེབ་དེ་དཔར་སྐྲུན་བྱས་པའི་ལོ་མཇུག་དེར་ཨ་རིའི་ཕྱོགས་སུ་ཉེན་གཡོལ་གྱི་ཞོར་ལ་སློབ་སྦྱོང་རེ་བྱེད་པའི་ཐབས་ལམ་ཞིག་བཙལ་བ་ཡིན། ཡིན་ནའང་དེ་སྐབས་བོད་མི་དམངས་སྤྱི་འཐུས་ཀྱི་མིང་ཞིག་ཁུར་ནས་ཡོད་སྟབས། དོན་གྱི་བདག་པོ་གོང་ས་མཆོག་ལ་མཁྱེན་རྟོགས་སྙན་གསན་ཞུ་དགོས་པ་དེ་བཟང་སྤྱོད་སོགས་མང་བོ་ཞིག་དང་འབྲེལ་བ་ཡོད་སྟབས། སྙན་གསན་ཞུས་དོན་ལྟར་སྤྱི་ལོ་༡༩༩༩ ལོའི་ཟླ་༡༡ ཚེས་༡༡ ཉིན་མཇལ་བཅར་གྱི་གོ་སྐབས་གནང་བྱུང་། དེ་དུས་བཀའ་མོལ་ཁག་ཅིག་ཞུ་བའི་གོ་སྐབས་བྱུང་ཞིང་། དེའི་ནང་གི་དོན་དག་ཁག་ཅིག་མདོ་སྨད་ལོ་རྒྱུས་ཆེན་མོའི་སྔོན་གླེང་དུ་བྲིས་ཟིན་པ་བཞིན། མདོ་དོན་ཕྱི་ལོགས་སུ་འགྲོ་རྒྱུར་གོང་ས་མཆོག་གིས་ཐུགས་མོས་མ་བྱུང་ཞིང་། དེའི་ཚབ་ཏུ་ལོ་རྒྱུས་ཀྱི་ལས་གཞི་འདི་བསྒྲུབ་ཏུ་བཅུག་པ་རེད། འདི་ནི་ཁོང་གི་ངོས་ནས་ཕྲན་ལ་བརྩེ་གཟིགས་དང་ཡིད་ཆེས་ཅི་ཙམ་གནང་གིན་ཡོད་མེད་ཀྱི་བདེན་དཔང་མཐར་མཐུག་ཀྱང་ཡིན། དེར་བརྟེན། དངངས་སྐྲག་དང་དགའ་སྤྲོ་ཟུང་འབྲེལ་ལྟ་བུའི་ངང་ལས་གཞི་དེ་མགོ་བརྩམས་པ་རེད། ངས་རྒྱ་ཆེའི་མང་ཚོགས་ལ་གསལ་བོ་བྱས་ནས་ཞུ་དགོས་པ་ཞིག་ནི། ལས་གཞི་དེ་བདག་གིས་དྲན་པ་དང་། དྲན་ནས་མགོ་བསླངས་པ་ཞིག་མ་ཡིན་པ་དེ་ཡིན། གོང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་ངེས་ཟིན་པའི་རྗེས་སུ་ཀུན་སློང་ཇི་འདྲ་ཞིག་གི་འོག་ལས་གཞི་དེ་མགོ་བརྩམས་མིན་ལ་ཐད་ཀར་གསལ་བཤད་དམིགས་བསལ་བ་མི་དགོས་སྙམ། འོན་ཀྱང་ཐོག་མའི་ཀུན་སློང་གང་ལས་བྱུང་མིན་ལ་མ་ལྟོས་པར་ལས་གཞི་དངོས་སུ་མགོ་བརྩམས་པ་ནས་མཇུག་མ་རྫོགས་ཀྱི་བར་དྲང་བདེན་དང་མངོན་ལྐོག་རྒྱབ་མདུན་མེད་པའི་ལས་ཀར་ཧུར་ཐག་བྱས་པ་འདི་འདྲ་མི་ཚེའི་ནང་སྔར་ཡང་བྱུང་མ་མྱོང་ལ་ཕྱིས་སུའང་འབྱུང་ཁག་པོ་ཡིན།
༢) དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོར། མདོ་སྨད་ཆོས་འབྱུང་སོགས་མདོ་སྨད་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་གང་དག་ཡོད་དམ།
དྲི་ལན། ཁྱེད་རྣམ་པའི་དྲི་བ་འདི་མདོ་སྨད་ལོ་རྒྱུས་ཆེན་མོ་ཆ་ཚང་མ་བཀླགས་ཀྱང་། དེའི་སྔོན་གླེང་ཀློག་མྱོང་མཁན་ཞིག་ཡིན་ན་གསལ་བོར་མཁྱེན་ཐུབ་པ་ཞིག་རེད། མདོ་སྨད་ལོ་རྒྱུས་ཆེན་མོར་མདོ་སྨད་ཆོས་འབྱུང་སོགས་སྔར་ཡོད་ཀྱི་ཡིག་ཆ་ཁག་དང་མི་འདྲ་བའི་ཁྱད་ཆོས་མང་བོ་རེད། དེའི་ནང་གི་དཔེ་མཚོན་གང་ནས་བཏོན་བཏོན་གྱི་བཟོ་འདྲ་བོ་ཞིག་རེད། ཡིན་ནའང་སྔོན་གླེང་གི་ནང་དུ་གསར་རྩོམ་འདིའི་ཁྱད་ཆོས་གཙོ་བོ་ཁག་ཅིག་ཟུར་འདོན་བྱས་པ་འདིར་དྲངས་ཡོད།
“ཁྱོད་ཀྱིས་དུས་རབས་ཉེར་གཅིག་པར་བྲིས་པའི་ལོ་རྒྱུས་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་ཅེ་ན། དྲི་བ་འདིར་ལན་འདེབས་དངོས་གནས་བྱེད་མཁན་ནི་ལྟ་ཀློག་བྱེད་མཁན་སྤྱི་དང་། ལྷག་པར་ལོ་རྒྱུས་རིག་པར་ཞིབ་འཇུག་གནང་མཁན་མཁས་པ་དག་གིས་བྱེད་དགོས་པ་ཞིག་ཡིན་ཀྱང་།
༡། སྤྱི་ལོ་༡༨༦༥ ལོར་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མདོ་སྨད་ཀྱི་ཆོས་ལུགས་ལོ་རྒྱུས་རྩོམ་སྒྲིག་མཛད་པ་ཙམ་ལས། མདོ་སྨད་སྤྱི་ཡོངས་ལ་ལོ་རྒྱུས་ཤིག་མེད་པ་ནས་ཡོད་པར་གྱུར་པ་དང་། ༢། ལོ་རྒྱུས་འདིའི་ནང་དུ་ལྷའི་ཞིང་བཀོད་འབྲི་བཞེངས་བྱ་རྒྱུའི་ཚབ་ཏུ་མིའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་བཤད་རྒྱུ་གཙོ་བོར་བྱས་པ། ༣། ཡིག་ཆ་མཐོང་ཚད་ལ་བདེན་ཁ་སྤྲད་དེ་རང་གི་རྣམ་དཔྱོད་གཞན་ལ་རྩིས་སྤྲོད་བྱ་རྒྱུ་དེ་མ་ཡིན་པར། གཞན་གྱིས་བཤད་པའི་སྐད་ཆ་ལས་བདེན་དོན་གྱི་གནས་ལུགས་ཡོད་པ་རྣམས་རྒྱུ་མཚན་དང་སྦྲགས་ནས་གསལ་སྟོན་བྱ་རྒྱུ་གཙོར་འདོན་བྱས་པ། ༤། ས་བྱ་དང་མེ་ཡོས་ལྟ་བུའི་ལོ་ཁམས་ཙམ་བཀོད་པ་ལས་དེ་དག་རབ་བྱུང་གང་ལ་ཁེལ་མིན་སོགས་ལ་དཔྱད་ཞིབ་དང་། ལོ་ཁམས་རྩ་ནས་མེད་མཁན་མང་དག་ལ་ཐབས་ལམ་གཞན་སྤྱད་དེ་ལོ་ཚིགས་གསལ་འགོད་བྱས་པའང་མི་ཉུང་བ་ཞིག་རྙེད་སོན་བྱུང་ཡོད་པ། ༥། ལོ་རྒྱུས་ཀྱི་སྤྱི་ཁོག་དང་། བླ་སྤྲུལ་མཁས་པ་ཁག་གི་མཛད་རྣམ། དགོན་སྡེ་ཁག་གི་གདན་རབས་ལོ་རྒྱུས་སོགས་འཇོལ་ཉོག་ཏུ་བསྲེས་པས་ལྟ་བདེ་མེད་པའི་དཀའ་ངལ་སེལ་ཆེད་དེ་དག་སོར་སོར་བཀར་བ། ༦། ཚིག་ཉོག་གི་ལོ་མ་སྐྱུང་ཅི་ཐུབ་དང་། སྙན་ངག་དང་ཚིག་རྒྱན་གྱིས་གཡོགས་ཏེ་ལོ་རྒྱུས་ཀྱི་དོན་སྙིང་རྙེད་མི་ཐུབ་པ་ལྟ་བུའི་སྐྱོན་སྤང་ཅི་ཐུབ་ཀྱིས། ཚིག་ཉུང་ལ་དོན་དྲིལ་བ། ཡུལ་ལུང་ཉི་ཚེ་བའི་བརྡ་སྐད་ལོག་པ་བེད་སྤྱོད་མ་བྱས་པར་བོད་ཡིག་ཤེས་མཁན་སུས་ཀྱང་ལྟ་ཀློག་ཐུབ་པའི་སྤྱི་ཡིག་རྒྱུགས་ཆེ་བ་བཀོལ་སྤྱོད་གང་ཐུབ་བྱས་པ། ༧། མཁས་པ་གཞན་གྱི་རྣམ་དཔྱོད་ལ་བརྩི་བཀུར་མེད་པར་གཞན་ཚིག་རང་རྩོམ་ཡིན་མདོག་གིས་ལེབ་བཤུས་བྱེད་པའི་སྐྱོན་གནས་ལ་འཛེམ་ཅི་ཐུབ་ཀྱིས། གཞན་གྱི་ལུང་ཚིག་འདྲེན་དགོས་པ་ཁག་ལ་བཟོ་བཅོས་ཀྱིས་མ་ལྷད་པར་ཇི་བཞིན་བཀོད་དེ། དེ་དག་གི་ལུང་ཁུངས་གང་ཡིན་རྒྱབ་མཆན་གྱི་ལམ་ནས་གསལ་འགོད་བྱས་པ། ༨། ས་མིང་དང་། ཡུལ་མིང་སོགས་ལོ་རྒྱུས་ཀྱི་མིང་ཚིག་ཁག་ལ་བཟོ་བཅོས་ཀྱིས་ལྷད་བཞིན་པའི་འགྲོ་སྟངས་དེར་འཛེམ་ཅི་ཐུབ་བྱས་ཏེ། དེ་དག་ལ་གོ་དོན་འདི་དང་འདི་ལྟ་བུ་ཡིན་ནམ་སྙམ་པ་ལྟ་བུའི་དཔྱད་གཞིའི་ངོ་བོར་བཞག་ཡོད་པ་ལས། འོལ་ཚོད་ཀྱིས་ཁ་ཚོན་བཅད་མེད་པ། ༩། སྔར་བྱུང་ལོ་རྒྱུས་དང་རྣམ་ཐར་སོགས་ཡིག་ཆ་ཚད་ལྡན་དུ་གསལ་བའི་མིང་ཚིག་ཁག་རང་སོར་བཞག་པ་ལས། དེང་དུས་གཞན་ལ་ངོ་སོ་གཉེར་ནས་སྔར་གྱི་མཁས་པའི་གསུང་ཚིག་ནག་བསུབ་ཏུ་གཏོང་བའི་ལས་ལ་འཇུག་མ་དགོས་པ་གཙོར་འདོན་བྱས་པ། ༡༠། ལོ་རྒྱུས་ཀྱི་གནས་ཚུལ་བཤད་སྐབས་རང་གི་ཚོར་བ་མཉམ་ཞུགས་བྱེད་མི་དགོས་པའི་འབད་བརྩོན་བྱས་པ་སོགས་ལེགས་ཆ་མང་བོ་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད།”
གང་ལྟར་གླེགས་བམ་དང་བོ་ལ་ལེ་ཚན་མི་འདྲ་བ་ཉེར་དགུ་ཡོད་ཅིང་། དེ་དག་ལ་ནང་གསེས་ཀྱི་ལེ་ཚན་བྱེ་བྲག་པ་བརྒྱ་དང་ཉེར་དགུ་ཡོད། ལེ་ཚན་མང་ཤོས་ཤིག་ཏུ་དུས་སྐབས་རེ་རེའི་བོད་སྤྱིའི་ལོ་རྒྱུས་ཀྱི་གནས་བབ་དང་། བྱེ་བྲག་མདོ་སྨད་ཀྱི་གནས་བབ་གཉིས་སྦྲེལ་ཏེ་བཤད་ཡོད། བོད་ཡུལ་སྤྱི་དང་ལྷག་པར་མདོ་སྨད་ཀྱི་རི་དང་རི་རྒྱུད། ཆུ་དང་ཆུ་རྒྱུད་ཀྱི་སྐོར་བྲིས་པ་གཅིག་རང་ད་སྔ་ང་ཚོར་འདི་ལྟ་བུའི་ཡུལ་གྱི་བཀོད་པ་གསལ་བོར་བྲིས་པའི་ཡིག་ཆ་གཅིག་ཀྱང་མེད། སྔར་གྱི་རྒྱལ་ཕྲན་ཁག་དང་། དེ་དག་གི་རིགས་རུས། ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ཀྱང་དཔྱད་ཞིབ་དཔྱིས་ཕྱིན་པའི་ལམ་ནས་ངོས་འཛིན་བྱས་ཡོད། ད་ལྟའི་བར་ང་ཚོར་འདི་འདྲའི་ལོ་རྒྱུས་ཀྱི་དོན་གནད་བྱེ་བྲག་པ་གསེད་བཀྲོལ་བྱས་པ་ཞིག་ཧ་ལམ་བྱུང་མེད། འབྲི་སྟངས་ཀྱི་ཐོག་ནས་ཀྱང་འདི་ནི་ངོ་སྤྲོད་ཀྱི་ལོ་རྒྱུས་ཡིག་ཆ་ཞིག་མ་ཡིན་པར། དཔྱད་ཞིབ་ཀྱི་ལོ་རྒྱུས་ཡིག་ཆ་ཞིག་ཡིན། ཐ་ན་ཐ་སྙད་གལ་ཆེན་དག་ཀྱང་བཏང་སྙོམས་སུ་མ་བཞག་པར་རང་བློས་དཔག་ཚོད་ཀྱིས་དཔྱད་ཞིབ་བྱེད་རྒྱུ་གཙོ་བོར་བཟུང་ཡོད། ལོ་རྒྱུས་ཀྱི་དོན་གནད་ཁག་སྔོན་ཆད་མི་སུ་ཞིག་གིས་ཅི་འདྲ་ཞིག་བཤད་ཡོད་མེད་དེ་གཙོ་བོར་བཟུང་མེད། བཤད་པ་ལ་དེ་ལ་གནས་ལུགས་རྒྱུ་མཚན་ཡོད་མེད་དང་། ཁུངས་ལུང་ཡོད་མེད་ལ་དཔྱད་པ་གཏོང་རྒྱུ་དེ་གཙོ་བོར་བཟུང་ཡོད། མགོ་མཇུག་བར་གསུམ་དུ་ཆོས་རྒྱུད་གཅིག་གམ། མི་སྣ་གཅིག ཡང་ན་ལུང་ཚན་གཅིག་ཆེད་མངག་གལ་ཆེན་དུ་བརྩིས་ནས་གཞན་ལ་སྨ་འབེབས་བྱས་པ་དེ་འདྲ་བྲིས་མེད། དངོས་ཡོད་གནས་ཚུལ་འབྲི་རྒྱུ་དེ་གཙོ་བོར་བཟུང་ཡོད། ལོ་རྒྱུས་འདི་ཕྱི་ལ་ཐོན་མ་ཐག་མི་ཁག་ཅིག་གིས་མ་དགའ་ཆེན་པོ་བྱེད་ཀྱིན་ཡོད་པ་དེས། ལོ་རྒྱུས་འདིའི་ནང་དུ་ཆོས་ལུགས་དང་ལུང་ཚན། ཡང་ན་ལོ་རྒྱུས་ཀྱི་མི་སྣ་བྱེད་བྲག་པ་སུ་གང་ལའང་གཡས་སྐོར་གཡོན་དཀྱོག་གི་ངོ་སོ་བྱིན་མེད་པའི་སྟབས་ཀྱིས་ཡིན།
ལྷག་པར་དུ་ང་ཚོས་ལོ་རྒྱུས་ལ་བལྟ་དགོས་ན་ལོ་རྒྱུས་ཀྱི་ལྟ་བ་དགོས། ལོ་རྒྱུས་ཀྱི་ལྟ་བ་མེད་པའི་མིས་ལོ་རྒྱུས་ལ་སྡོམ་ཚིག་བཞག་ན་འཇིགས་སྣང་ལྡན་པ་ཞིག་ཡིན། ལོ་རྒྱུས་འདིའི་ཐོག་ལ་སྐད་ཆ་བཤད་མཁན་ཚོའི་ནང་དུ། ལོ་རྒྱུས་འདི་ཀློག་འདོད་ཡོད་ཀྱང་དཀར་ཆག་ལ་བལྟས་སྐབས་བརྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་ཞེས་པའི་ཐ་སྙད་དེ་མཐོང་ནས་ཡིད་ཐང་ཆད་དེ་ཀློག་འདོད་མ་བྱུང་གསུངས་མཁན་ཡོད་པ་དེ་འདྲའི་རིགས་ཀྱིས་འདི་བཀླགས་ཀྱང་དོན་གནད་ངོས་འཛིན་བྱེད་མི་ཐུབ། ངས་ལེ་ཚན་རེ་གྲུབ་སྐབས་རྒྱ་བོད་ཡིག་རིགས་གཉིས་ཆ་ལ་བྱང་ཞིང་ལྷག་པར་རིགས་ལམ་མཆོག་ཏུ་གྱུར་པ་ད་ལྟའི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལ་སྟོན་གྱིན་ཡོད། ཁོང་གིས་ཁྱེད་ཀྱི་ལོ་རྒྱུས་འདི་སློབ་ཆེན་ཡན་ཆོད་ཀྱི་ཤེས་ཚད་ཡོད་ན་མ་གཏོགས་བྲོ་བ་མྱོང་ཤེས་རྒྱུ་མ་རེད་ཅེས་ཡང་ཡང་བཤད་མྱོང་ཡོད་ལ། དཔར་སྐྲུན་བྱས་ཟིན་པའི་རྗེས་སུ་ཁོང་གིས་གསུངས་པ་དེ་གནས་ལུགས་ལྡན་པའི་སྡོམ་ཚིག་ཅིག་ཡིན་པ་གཞི་ནས་ཤེས་བྱུང་། གང་ལྟར་གླེགས་བམ་འདི་ཀློག་ཤེས་ན་ལྟ་བ་གསར་བ་དང་རིན་ཐང་གསར་བ། གནས་ཚུལ་གསར་བ་མང་བོ་ཞིག་ཞིག་རྙེད་རྒྱུ་ཡོད་ཅིང་། དེ་དག་རེ་རེའི་ཁྱད་ཆོས་རྣམས་དྲིས་ལན་འདི་ཙམ་གྱི་ནང་སྡོམ་རྒྱག་མི་ཐུབ།
གླེགས་བམ་གཉིས་པ་དང་། གསུམ་པ། བཞི་བ་བཅས་ཀྱི་ནང་དུ་མདོ་སྨད་ཀྱི་ས་གནས་ཕལ་མོ་ཆེའི་སྡེ་བ་དང་འཚོ་བ་སོགས་ཀྱི་ལོ་རྒྱུས་གཙོ་བོར་འབྲི་རྒྱུར་འབད་བརྩོན་བྱས་ཡོད། དེ་དག་ཀྱང་ལེ་ཚན་གསུམ་རེའི་སྒོ་ནས་བཤད་ཡོད། དཔེར་ན། ཨ་རིག་ལྟ་བུ་ལ་ཆ་བཞག་ན། དང་བོ་ཨ་རིག་གི་གནས་བབ་སྤྱིར་བཤད་པ། གཉིས་པ་ཨ་རིག་གི་དགོན་སྡེ་སོགས་བཤད་པ། གསུམ་པ་ཨ་རིག་གི་སྡེ་ཚོ་དང་མི་གྲངས་བཤད་པ་བཅས་སྡེ་ཚན་གཙོ་བོ་གསུམ་དང་། དེ་དག་ལ་ནང་གསེས་ཀྱི་ལེ་ཚན་མང་ཉུང་སྣ་ཚོགས་ཡོད། དེ་ཡང་ཡུལ་སྡེའི་མིང་གི་ཐ་སྙད་ནས་བཟུང་དཔྱད་དགོས་སར་དཔྱད་པ་ཞིབ་ཚགས་བྱས་ཡོད། འདིའི་ཁྱབ་ཁོངས་སུ་དེང་སང་གི་རྫོང་ཁག་དྲུག་ཅུ་ལྷག་ཚུད་ཡོད། འདི་དག་གི་ནང་དུ་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་མ་རག་པའམ་ཟུར་ཙམ་ལས་མ་རག་པ་མང་ཙམ་ཡོད། ད་བར་ང་ཚོར་མདོ་སྨད་སྤྱི་ཡོངས་ཀྱི་སྡེ་བ་དང་ཚོ་བའི་སྐོར་འདི་འདྲ་བྲིས་པ་གཅིག་ཀྱང་བྱུང་མྱོང་མེད། འདི་འཐུས་སྒོ་ཧ་ཅང་ཚང་ཞིང་ནོར་འཕྱུག་མེད་པ་ཞིག་ཡིན་ཞེས་བཤད་མི་ཐུབ་ཀྱང་། ལྟོས་ས་ལྟོས་འཇོག་གིས་དོན་སྙིང་ཡོད་པའི་ལས་ཀ་ཞིག་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ས་གནས་བྱེ་བྲག་པའི་སྡེ་བ་དང་འཚོ་བའི་སྐོར་བྲིས་པ་དང་། དགོན་པ་དང་རི་ཁྲོད་སོགས་ཡོད་ཚད་བྲིས་པ་དེ་ལོ་རྒྱུས་འདི་འབྲི་མཁན་གྱི་ནོར་འཁྲུལ་ཚབས་ཆེ་ཤོས་དེ་ཡིན། རྒྱུ་མཚན་ནི། རང་གི་སྡེ་བའི་མིང་དང་། ཁྱིམ་ཚང་གི་གྲངས་ཀ མི་གྲངས་དུ་ཡོད་པ་བཅས་ཤེས་པ་ལ་ཤེས་ཡོན་གང་ཡང་མི་དགོས། ཡི་གེ་ཐེབ་ཆག་ཅིག་ཀློག་ཤེས་མཁན་ཚོས་དོན་དག་འདི་ཚོ་ཤེས་ཐུབ་པ་ཡིན། དེ་ལ་བརྟེན་ནས་སྡེ་བའི་མིང་གི་དག་ཆ་ནོར་བའམ། ཁྱིམ་གྲངས་ནོར་བ་ལྟ་བུ་དོན་དག་ཆུང་ཙག་དེ་རིགས་ཀྱི་རྐྱེན་བྱས་ནས། ལོ་རྒྱུས་སྤྱི་ལ་རིན་ཐང་མེད་པར་ལྟ་མཁན་ཡོང་སྲིད་པའི་སྟབས་ཀྱིས་ཡིན། དགོན་སྡེའི་སྐོར་ཀྱང་གོང་དང་གཅིག་མཚུངས་ཡིན། རྒྱུ་རྐྱེན་དེའི་དབང་གིས་ད་བར་བོད་ནང་གི་ལོ་རྒྱུས་སྨྲ་བ་སུས་ཀྱང་འབྲི་རྒྱུར་དཀའ་ཚེགས་ཆེ་ཞིང་། བྲིས་ན་དགེ་ཁ་ལེན་མི་ཐུབ་པའི་ལས་ཀ་འདི་ལ་གཡོལ་ཐབས་བྱས་ཡོད། ཁོང་ཚོས་སྔར་གྱི་རྒྱལ་བོ་དང་བློན་པོ་དེ་ཚོའི་སྐོར་ཞིག་བྲིས། བླ་སྤྲུལ་ཆེ་ཁག་གི་སྐོར་རེ་བྲིས། སྤམ་བོ་དང་སྒམ་པོའི་ངང་འཇོག་གིན་ཡོད། དེ་འདྲའི་ལོ་རྒྱུས་འབྲི་རྒྱུ་དེ་དཀའ་ཚེགས་ཧ་ཅང་ཆུང་། རྒྱུ་ཆ་མ་རག་པའི་དཀའ་ངལ་ཡང་འཕྲད་མི་སྲིད་ལ། སྤྱི་ཁོག་ལ་ནོར་འཕྱུག་ཡོད་ཀྱང་ལོ་རྒྱུས་ཉམས་ཞིབ་པ་ཚོས་མ་གཏོགས་ལོ་རྒྱུས་རིག་པ་ལ་རྒྱུས་མྱོང་མེད་མཁན་ཚོས་ཤེས་མི་ཐུབ། ཕྲན་གྱིས་ལས་ཀ་འདིར་མཇུག་འབྲས་ཅི་ཞིག་ཡོང་རྒྱུ་ཡིན་པ་མ་བྲིས་ཡར་སྔོན་ནས་ཚོད་དཔག་ཐུབ་ཡོད་ཀྱང་། མི་གཅིག་ལ་སྐབས་འཕྲལ་བསྟོད་བསྔགས་ཐོབ་མ་ཐོབ་དེ་གལ་ཆེན་མ་ཡིན་པར། ལས་ཀ་འདི་འདྲ་མགོ་འཛུགས་བྱས་པ་ཡིན་ན། འདིའི་མ་འདང་ས་དང་མ་ཚང་ས། ནོར་འཕྱུག་ཡོད་ས་ལ་རྒྱུས་ཡོད་དག་གིས་ཡོ་བསྲང་བྱས་ཏེ་ལོ་ངོ་མང་བོ་ཞིག་གི་རྗེས་སུ་ང་ཚོར་འཐུས་སྒོ་ཚང་བའི་ལོ་རྒྱུས་ཤིག་འབྱུང་ཐུབ་ཐབས་ལ་དམིགས་ཡོད།
༣) དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་བའི་གོ་རིམ་ཁྲོད་དུ། རྒྱུ་ཆ་ཁ་ཚང་མ་རག་པ་དང་འཐུས་ཤོར་ཕྱིན་པ། རང་གི་འདོད་བློ་ལྟར་མ་ཡོང་བ་སོགས་ཀྱི་གནད་དོན་བྱུང་ཡོད་དམ།
དྲི་ལན། མདོ་སྨད་ལོ་རྒྱུས་ཆེན་མོའི་ལས་གཞི་ལ་ཞུགས་པ་དེ། ཕྱོགས་གཅིག་ནས་བཤད་ན་རང་ཉིད་ལོ་རྒྱུས་རིག་པ་ལ་ཟབ་འཇུག་བྱེད་པའི་གོ་སྐབས་བཟང་བོ་ཞིག་སྟེ། ལས་གཞི་འདིར་འབད་བརྩོན་བྱས་པའི་བརྒྱུད་རིམ་ཁྲོད། ལོ་རྒྱུས་དང་འབྲེལ་བ་ཡོད་པའི་དཔེ་ཆ་དང་རྩོམ་ཡིག་༥༢༠ ལྷག་ལ་ལྟ་ཀློག་བྱེད་པའི་གོ་སྐབས་བྱུང་བས་སྔར་ཤེས་མ་མྱོང་བའི་དོན་དག་ཧ་ཅང་མང་བོ་ཤེས་པར་གྱུར་པ་ལ་དགའ་སྤྲོ་སྐྱེ་འོས་པ་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བཤད་ན་ལོ་ངོ་བཅུའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་འདིས་མི་ཚེའི་ནང་ཐོབ་འོས་པའི་གོ་སྐབས་བཟང་བོ་མང་དག་ཅིག་མེད་པར་གྱུར་པར་མ་ཟད། མ་ཤི་བར་གྱི་མི་ཚེའི་ཁེ་གྱོང་དང་འབྲེལ་བ་ཡོད་པའི་དོན་དག་མང་བོ་ཞིག་ཀྱང་མེད་པར་གྱུར་པ་སྟེ། ཐ་ན་ལས་གཞི་འདི་འགྲུབ་མ་ཐུབ་ནས་ཉིན་མཚན་ཁ་སྤྲོད་ཀྱིས་ལས་ཀ་བྱེད་རྒྱུ་མང་དྲགས་པའི་དབང་གིས་ཁྲག་ཤེད་ཤུགས་ཆེན་རྒྱས་ཏེ། ཉིན་ཞག་མང་བོའི་རིང་རང་ཉིད་གཅིག་པུ་ཉལ་སའི་ནང་ལྷག་སྟེ་ཁ་ལ་ཟས་མ་རག་པ་དང་། སྨན་ཁང་དུ་འགྲོ་མགོའང་མ་ཐོན་ནས་ཚེ་སྲོག་ཤོར་ལ་ཁད་བྱས་པ་ཙམ་མ་ཡིན་པར། ལོ་ངོ་བཅུ་བོའི་ལས་ཀ་འདི་གཅིག་པུར་བརྩོན་ཏེ། བྱིས་པ་གསུམ་ལ་ཆུང་དུས་དགོས་ངེས་ཀྱི་ཨ་ཕ་ཞིག་ཧ་ལམ་མེད་པ་ལྟ་བུར་གྱུར་པ་དང་། ལས་གཞི་འདིའི་དབང་གིས་ཕྲན་གྱི་ཚ་སོབ་སོབ་ཀྱི་སྐྱིད་སྡུག་གི་ཁྱིམ་ཚང་ཆུང་ཆུང་དེ་ཡང་འཐོར་ཞིག་ཏུ་ཕྱིན་པ་སོགས་མི་སྒེར་ལ་ཕོག་པའི་གྱོང་གུད་ནི་ནམ་ཡང་གསབ་ཐབས་མེད་པ་ཞིག་ཡིན།
༧གོང་ས་མཆོག་གིས་ལས་གཞི་འདི་ཐོག་མར་གནང་སྐབས་འཕྲལ་དུ་ཁས་ལེན་ཞུ་བའི་སྤོབས་པ་མ་བྱུང་། དེ་མ་བྱུང་བའི་རྒྱུ་མཚན་ནི། རང་ཉིད་ལོ་རྒྱུས་རིག་པ་སྦྱངས་སྟོབས་སྔོན་སོང་མ་ཡིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བར་འགྲོ་འོང་དང་འབྲེལ་ལམ་ཧ་ཅང་དོགས་པས་བོད་ནང་གི་སྦྱིར་བཏང་ཡོངས་གྲགས་ཀྱི་འབྲེལ་ཡོད་དཔེ་དེབ་དེ་ཚོ་ལས་གཞན་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་མང་བོ་འཚོལ་སྟབས་བདེ་བོ་མེད་པ་དང་། ས་གནས་ཁག་ཏུ་དངོས་སུ་སོང་ནས་སྐད་ཆ་འདྲི་རྒྱུ་དང་ཉམས་མྱོང་གསོག་པའི་གོ་སྐབས་མེད་པ། སྤྱི་ལོ་༡༩༥༩ ལོར་བོད་མི་སྐྱབས་བཅོལ་དུ་ཡོང་བའི་ནང་ཨ་མདོ་བ་ཧ་ཅང་ཉུངས་ཁར། ཁོང་རྣམ་པ་ཕལ་ཆེ་བ་གྲྭ་སའི་གྲྭ་བ་དང་། གནས་མཇལ་བ། ལྷ་ས་གཡས་གཡོན་གྱི་ཚོང་བ་ཆུང་རིགས་ལས་གཞན། རང་ཉིད་སྐྱེ་སའི་ཡུལ་ལུང་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་དང་། ཡུལ་ལུང་དེ་དག་གི་གྲོས་ལ་དབང་བའི་ལས་ཀ་བྱེད་མྱོང་མཁན་ཤིན་ཏུ་དཀོན་པོ་ཡིན་སྟབས། མདོ་སྨད་ཀྱི་ས་གནས་ཁག་གི་གནས་ཚུལ་བཅར་འདྲི་བྱེད་སའང་དཀོན་པོ་ཡིན་པ་དང་། ཁོང་ཚོ་བོད་ནས་བྲོས་བྱོལ་བྱེད་སྐབས། རིག་གཞུང་གི་དཔེ་ཆ་གཏན་ནས་མཉམ་འཁྱེར་བྱས་མེད་པའམ་ཡང་ན་ཆོས་གཞུང་གི་དཔེ་ཆ་ཁག་ལས་ལོ་རྒྱུས་ཀྱི་ཡིག་ཆ་རྒྱ་གར་དུ་འབྱོར་བ་ཧ་ཅང་ཉུངས། མདོ་སྨད་ཆོས་འབྱུང་ལྟ་བུ་ལས་གཞན་བླ་མ་ཅན་གྲགས་རེ་འགའི་གསུང་འབུམ་དུ་བཞུགས་པའི་རྣམ་ཐར་རེ་ཡོད་ན་མ་གཏོགས་ལོ་རྒྱུས་ཀྱི་ཡིག་ཆ་ཁག་པོ་རེད། ཉེ་རབས་བོད་ནས་གསར་དུ་འབྱོར་བའི་ནང་ཤེས་ཡོན་ཡོད་མཁན་མི་ཉུང་བ་ཞིག་ཡོད་ནའང་། ཁོང་རྣམ་པ་ཕལ་ཆེ་བ་སྙན་ངག་སོགས་རྩོམ་རིག་ལ་དོ་སྣང་ཡོད་པ་ལས། ལོ་རྒྱུས་རིག་པ་ལ་དོ་སྣང་ཡོད་མཁན་དང་རྒྱུས་མངའ་ཡོད་མཁན་ཧ་ཅང་དཀོན་པོ་རེད། ང་ཚོ་ལ་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་པ་དཀོན་པོ་རེད། སྙན་ངག་འབྲི་རྒྱུ་མ་ཡིན་པའི་ལས་རིགས་གཞན་གྱི་ཐོག་བཀོལ་ཆོག་ཆོག་གི་མི་སྣ་ཧ་ཅང་དཀོན་པོ་རེད། དེ་ནི་སྤྱིར་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་ལ། བདག་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་སྒྲིག་བྱེད་སྐབས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ཀྱང་རེད།
ལོ་རྒྱུས་ཀྱི་རྒྱུ་ཆའི་ཐད། ས་གནས་ཁག་ཅིག་ལ་ཞིབ་ཚགས་མ་ཡིན་པའི་ལོ་རྒྱུས་རྒྱུ་ཆ་རག་རྒྱུར་དཀའ་ངལ་མེད་ཀྱང་། གྲོང་གསེབ་ཁུག་ཀྱོག་དང་འབྲོག་ཕྱོགས་ཀྱི་སྡེ་ཚོ་ཁག་ལ་སྔོན་ཆད་ཟིན་བྲིས་སུ་བཏབ་པའི་ལོ་རྒྱུས་ཡིག་ཆ་ཧ་ཅང་དཀོན་པོ་རེད། དེང་སང་བོད་ནང་དུ་ས་གནས་ཀྱི་ལོ་རྒྱུས་མང་བོ་ཞིག་རྩོམ་སྒྲིག་བྱས་དང་བྱེད་བཞིན་འདུག་ཀྱང་། དེ་དག་ཏུའང་ཕན་ཐོགས་ཡོད་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཧ་ཅང་འཛོམས་པོ་མེད། དཔེར་ན་བླ་ནག་པ་ཡེ་ཤེས་བཟང་བོས་བྲིས་པའི་མང་རའི་ལོ་རྒྱུས་ལྟ་བུའི་ནང་དུ། མང་རའི་སྔར་གྱི་ལོ་རྒྱུས་བརྒྱུད་རིམ་དང་རིན་ཐང་ལྡན་པ་བསྡུ་སྒྲིག་བྱེད་ཐུབ་མེད་ཅིང་། དཔེ་དེབ་ཀྱི་མང་ཤོས་ནི་དེང་དུས་ཀྱི་རྫོང་དང་ཁུལ། ཞིང་ཆེན་རིམ་པའི་རྒྱ་གཞུང་གི་ལས་བྱེད་པ་ཚོ་ངོ་སྤྲོད་བྱེད་རྒྱུ་རྩལ་འདོན་བྱས་པ་ལྟ་བུ་ཡིན། མཁས་པ་སྙན་གྲགས་ཅན་ལྡོང་ཡོན་ཏན་གྱིས་བརྩམས་པའི་རྔ་བ་སྒོ་མང་དགོན་པའི་ལོ་རྒྱུས་ཀྱི་ནང་། གལ་ཆེ་ས་ནས་བཤད་ན་དགོན་པ་དེའི་ལྷ་སྡེ་གཙོ་བོ་རྔ་སྟོད་ཚོ་དྲུག་གི་ཚོ་བ་ཁག་གི་གྲངས་འདྲེན་ཙམ་ཡང་བྲིས་མེད་པས། ས་གནས་དེའི་ཡུལ་མིའི་ལོ་རྒྱུས་འབྲི་རྒྱུ་ལ་ཕན་གྲོགས་བྱེད་མི་ཐུབ་པ་ལྟ་བུ་ཡིན། མཚོ་སྔོན་ཨ་ཚོགས་འཚོ་བ་བརྒྱད་ཀྱི་ལོ་རྒྱུས་ལྟ་བུ་ནི། སྔར་གྱི་བརྒྱ་དཔོན་དང་སྟོང་དཔོན་དག་གི་ཉེ་འབྲེལ་ལྟོས་བཅས་ཀྱི་བུ་དང་བུ་མོ། ཚ་བོ་དང་ཡང་ཚ་སོགས་ཡོད་ཚད་བྲིས་ནས། ལོ་རྒྱུས་མི་སྣ་མ་ཡིན་པའི་ཁྱིམ་ཚང་གཅིག་གི་མི་སྣ་བཅུ་ཕྲག་མང་བོའི་མིང་བསྟར་ཆགས་སུ་བསྒྲིགས་པ་ལ་བལྟས་ཚོད་ཀྱིས་ཞིབ་ཆ་ཡོད་པ་ལྟ་བུ་ཡིན་མོད། བལྟས་ཀྱིན་བལྟས་ཀྱིན་དེའི་རིན་ཐང་རྙེད་མི་ཐུབ་པ་ལྟ་བུའི་དཀའ་ངལ་ཡོད། དེ་མིན་རོང་འབྲོག་གི་སྡེ་ཚོ་བརྒྱ་ཕྲག་མང་བོ་ལ་ལོ་རྒྱུས་ཀྱི་ས་བོན་རྩ་ནས་མེད། ད་ལྟ་མི་རྒན་འགའ་རེ་ལྷག་ཡོད་པ་ཚོར་སྐད་ཆ་འདྲི་ཐུབ་ན། ལོ་ངོ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་དམ་དུམ་འབྲི་ཐུབ་སྲིད་ཀྱང་། དོན་རྐྱེན་གསལ་ཞིང་ལོ་ཚིགས་ཡོད་པའི་ལོ་རྒྱུས་འབྲི་རྒྱུ་ཁག་པོ་ཡིན།
ད་དུང་ང་ཚོ་ཧང་སངས་དགོས་པའི་དོན་དག་དཔེར་ན། བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུ་མདོ་སྨད་ཀྱི་ཆོས་སྲིད་རིག་གནས་ཀྱི་བསྟི་གནས་ཧ་ཅང་གལ་ཆེན་དེ་འདྲ་ལའང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས། གདན་རབས་ལྷའི་རྔ་བོ་ཆེའི་ཁ་སྐོང་བརྩམས་པའི་རྗེས་སུ་བྱུང་བའི་བཀྲ་ཤིས་འཁྱིལ་གྱི་གདན་རབས་སམ་ཚོགས་ཆེན་ཁྲི་རབས་དུ་བྱུང་དང་། དེ་དག་གི་རྣམ་ཐར་ལོ་རྒྱུས་རྒྱས་པ་ཕར་ཟད། ཐ་ན་མཚན་ཙམ་གོང་བསྒྲིག་རྒྱུར་དཀའ་ངལ་བྱུང་སྟེ་ཀུན་མཁྱེན་རིན་པོ་ཆེས་དབུ་ཁྲིད་དེ་གྲྭ་རྒན་ཁག་ཅིག་ཚོགས་འདུར་ཡང་ཡང་འཚོགས་ཀྱིན་ཡོད་པ་སྐབས་དེར་ཤེས་རྟོགས་བྱུང་། དོན་དག་འདི་རིགས་ཀྱིས་ཅི་ཞིག་སྟོན་བཞིན་ཡོད་པ་རེད་དམ་ཞེ་ན། ང་ཚོ་སྒང་བ་བོད་པར་འབོད་པའི་མི་རིགས་འདི་ནུབ་ཕྱོགས་པ་ཚོ་ནང་བཞིན་དོན་དག་ཆེ་ཕྲན་མཐའ་དག་ཡིག་ལམ་དུ་འབེབས་རྒྱུ་དང་། ལྷག་པར་དོན་དག་དེ་དག་བྱུང་བའི་ཟླ་ཐོ་ཚེས་གྲངས་ལ་གཙིགས་ཆེན་གནང་བའི་ལུགས་སྲོལ་ཁྱབ་གདལ་དུ་མ་བྱུང་བའི་དབང་གིས། ཕྱི་རབས་པ་ཚོས་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་དཀའ་ངལ་འཕྲད་པ་ཙམ་མ་ཡིན་པར། གཅེས་ཤིང་ཕངས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་བོ་ཞིག་ནམ་ཡང་ང་ཚོའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་ཡིན།
ད་དུང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། ལོ་རྒྱུས་སྐོར་བཤད་པའི་ཡིག་ཆ་ཡོད་པ་ཙམ་གྱིས་ཕན་ཐོགས་དེ་ཙམ་མེད། དཔེར་ན་རེབ་གོང་ནི་དེང་དུས་བོད་ཡུལ་སྤྱིའི་རིག་གནས་པ་དང་རྩོམ་པ་བོ་མང་ཤོས་ཀྱི་ས་གནས་གལ་ཆེན་ཞིག་ཡིན་ལ། རེབ་གོང་གི་ཡུལ་སྡེ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་བྲིས་པ་མི་ཉུང་བ་ཞིག་ཀྱང་ཡོད་པ་ཡིན། འོན་ཀྱང་རེབ་གོང་བ་བློ་བཟང་ལ་ཡེས་བརྩམས་པའི་ཆོས་འབྱུང་སའི་ལྷ་མོ་ལྟ་བུ་ལ་མགོ་མཇུག་བར་གསུམ་དུ་ལོ་རྒྱུས་ཀྱི་ཁུངས་གཏུགས་སའི་ཡིག་ཆ་གཅིག་ཀྱང་མཐོང་རྒྱུ་མེད་པར་ཁོང་རང་གི་བསམ་ཚུལ་བཤད་པ་གཅོ་བོ་ཡིན་པས་ལོ་རྒྱུས་ཀྱི་རྒྱུ་ཆར་བེད་སྤྱོད་གཏོང་རྒྱུ་ཁག་པོ་ཡོད་པ་ལྟ་བུ་དང་། རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་ལྟ་བུའང་། ལོ་རྒྱུས་ཀྱི་སྔ་ཕྱིའི་བྱུང་རིམ་ལ་ནང་འགལ་ཧ་ལས་པ་མང་བོ་ཡོད་པ་དང་། བཤད་ཚུལ་མང་བོ་ཞིག་ས་གནས་སྤྱིའི་གནས་བབ་ལས་རིང་དུ་བརྒལ་བ་སོགས་ཡིད་ཆེས་བྱེད་མི་ཐུབ་པ་ལྟ་བུ་ཡིན། ལྟ་སྟངས་འདི་འདྲ་བཟུང་སྟེ་བལྟས་ན། ད་གཟོད་རེབ་གོང་ཤོག་པ་བཅུ་གཉིས་ཀྱི་ཡུལ་སྡེ་དཀྱུས་མའི་ལོ་རྒྱུས་ཆ་སྙོམས་པོ་ཞིག་འབྲི་དགོས་ན་དེ་ཡང་ལས་སླ་བོ་དང་སྟབས་བདེ་བོ་མེད་པ་ཤེས་ཐུབ་པ་ཡིན།
དེ་ནས་ཁྱེད་ཀྱི་དྲི་བའི་ནང་གི་འཐུས་ཤོར་གྱི་སྐོར་རེད། སྤྱིར་བཏང་འཐུས་ཤོར་དེ་ལ་རིགས་ཁ་ཤས་ཤིག་འཇོག་དགོས་པ་འདྲ་སྟེ། དཔེར་ན་དོན་དག་གང་ཞིག་གི་ཁུངས་ལུང་འཚོལ་རྒྱུར་གཡོལ་ཐབས་བྱས་པའི་སྒྱིད་ལུག་འཐུས་ཤོར་དང་། བློ་གནད་དུ་ཕབ་སྟེ་ཞིབ་ཚགས་བྱེད་མ་ཐུབ་པའི་རྣམ་གཡེངས་འཐུས་ཤོར། དུས་ཚོད་ཀྱིས་མ་ལྕོགས་ནས་བསྐྱར་ཞིབ་ཡང་ཞིབ་ཀྱིས་གཟབ་ནན་བྱེད་མ་ཐུབ་པའི་ལོངས་མེད་འཐུས་ཤོར། ལོ་རྒྱུས་ཀྱི་རྒྱུ་ཆ་ཁག་གི་ནང་དོན་ཆ་ཚང་རྟོགས་མ་ཐུབ་པ་དང་། རྒྱུ་ཆ་གལ་ཆེན་ཁག་ཕྱིར་འདོན་བྱས་ཏེ་ལོ་རྒྱུས་ཀྱི་སྤྱི་འཆིངས་སྡོམ་མ་ཐུབ་ལྟ་བུ་རྣམ་དཔྱོད་སྐྱོ་ཞན་གྱི་འཐུས་ཤོར། ས་ཆ་དང་ཡུལ་ལུང་མང་བོ་ཞིག་དངོས་སུ་མཐོང་མྱོང་མེད་པས་ས་གནས་ཀྱི་མིང་དང་གནས་ཚུལ་ཁག་ཅིག་ཡར་འཆོལ་མར་སྡེབས་བྱས་པ་རྒྱུས་མེད་ཐོ་ཅོ་ཡི་འཐུས་ཤོར། ལས་གཞི་གང་ཞིག་ལྟོ་གོས་སྒྲུབ་པའི་ཁྲལ་ལས་ཙམ་དང་། སྒྲིག་འཛུགས་དང་མགོ་ཁྲིད་ཀྱི་རྣམ་འགྱུར་ལ་བལྟས་ནས་སྒྲུབ་ཁུལ་བྱེད་པ་ལྟ་བུའི་རང་གཞན་མགོ་སྐོར་གྱི་འཐུས་ཤོར། ཡུལ་ལུང་གང་ཞིག་གི་གནས་ཚུལ་དྲང་བོར་འཆད་འདོད་མ་བྱུང་ནས། དངོས་ཤུགས་བརྒྱུད་གསུམ་དུ་འཁྱོག་བརྗོད་དང་མ་རང་བའི་རྣམ་འགྱུར་ཐོན་པ་ཀུན་སློང་དྲི་ཅན་གྱི་འཐུས་ཤོར། ལྟ་རྒྱ་ཆུང་བ་དང་། སྦྱངས་སྟོབས་དམན་པ། ཉམས་མྱོང་གིས་མ་འདང་བ། དཔྱད་པ་མཐའ་མ་ཆོད་པ་ལྟ་བུ་མུན་ནག་འདོམ་འཇལ་གྱི་འཐུས་ཤོར་སོགས་རིགས་མང་བོ་ཞིག་ཡོད་ངེས་ཡིན་ཀྱང་། ཕྲན་གྱི་ལས་ཀ་ལས་འདིའི་མགོ་མཇུག་བར་གསུམ་དུ་ཀུན་སློང་གིས་རྒྱབ་མ་འཁྱོགས་པ་དང་། ལྷག་བསམ་གྱི་གཟེར་མ་ཐེབས་པ། རྣམ་གཡེངས་དང་སྒྱིད་ལུག་ལྟ་བུ་ནང་བསམ་བློའི་སྐྱོན་ཞིག་ནམ་ཡང་མེད་པའི་མནའ་སྐྱེལ་ཐོ་འཛུགས་བྱར་ཡོད་པ་ཡིན་ཀྱང་། གོང་དུ་བཤད་པ་ལྟར་ས་གནས་མང་བོ་ཞིག་གི་ལོ་རྒྱུས་ཀྱི་རྒྱུ་ཆ་མ་རག་པ་དང་། རག་ཀྱང་ཁུངས་ལུང་ལྡན་པ་མ་རག་པའམ་ཆ་ཚང་མ་རག་པ་སོགས་ཀྱི་དབང་གིས་ཁོང་ཚོའི་བྱུང་རབས་ཁག་ལོ་རྒྱུས་འདིའི་ནང་དུ་གཏན་ནས་མ་ཚུད་པའམ། ཡང་ཕྱོགས་རེས་ཙམ་ལས་མ་ཚུད་པ་ལྟ་བུའི་རིགས་ཡོད་པ་བཤད་མི་དགོས་པ་ཞིག་ཡིན།
གནས་ཚུལ་དེ་འདྲ་ལ་བརྟེན་ནས། སོག་རྫོང་དང་། རྨ་ཆུ། ཀླུ་ཆུ། བླ་བྲང་བཅས་རྫོང་ཁག་འདི་བཞི་ལ་གླེགས་བམ་གཅིག་བྱུང་བ་དང་། མགོ་ལོག་ཁུལ་ཕུད་པའི་མཚོ་སྔོན་ཡོངས་རྫོགས་གླེགས་བམ་གཅིག་ཏུ་བསྡུས་པ་དོ་མི་སྙོམས་པ་སོགས་ཀྱི་སྐྱོན་འཛུགས་རྒྱུན་མར་བྱེད་ཀྱིན་ཡོད་པ་དེ་བལྟས་ཚོད་ཀྱིས་བདེན་པ་ཡོད་པ་ལྟ་བུ་ཞིག་ཡིན་མོད། འདི་ལ་ཁྱད་པར་གཉིས་ཡོང་གིན་འདུག གཅིག་ནི་རང་ཉིད་ས་གནས་གང་ལ་རྒྱུས་མངའ་ཆེ་ན་དེའི་སྐོར་མང་ཙམ་དང་ཞིབ་ཙམ་འབྲི་ཐུབ་པ་དང་། ས་གནས་གང་ཞིག་ལ་རྒྱུས་མངའ་ཆུང་ན་དེའི་སྐོར་རྒྱས་པོ་འབྲི་རྒྱུ་མི་རྙེད་པའི་སྟབས་ཀྱིས་རྒྱས་བསྡུས་དང་ཞིབ་ཚགས་ཡིན་མིན་ཞིག་ཡོང་གིན་འདུག་ལ། གཉིས་ནས་ས་གནས་དེ་དག་ལ་སྔར་གྱི་ལོ་རྒྱུས་ཡིག་ཆ་མང་བོ་ཡོད་མེད་ལ་རག་ལས་ཀྱིན་འདུག་པ་ཁོ་ནའི་དབང་གིས་བྱུང་བ་ཞིག་ལས། ཕ་མ་ངན་པས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལ་དབྱེ་ཁྱད་འབྱེད་པ་ལྟ་བུའི་ལས་ལ་ནམ་ཡང་ཞུགས་མེད།
གླེགས་བམ་ལྔ་བ་མདོ་སྨད་ཀྱི་དགོན་སྡེ་དང་རི་ཁྲོད་སོགས་༡༣༨༠ ལོ་རྒྱུས་དང་། གླེགས་བམ་དྲུག་པ་མཁས་པ་དང་ལོ་རྒྱུས་མི་སྣ་༡༠༢༥ ལོ་རྒྱུས་དེ་ཐོག་མར་རེའུ་མིག་ཏུ་བསྒྲིགས་ཡོད། རེའུ་མིག་ཏུ་བསྒྲིགས་ཟིན་པ་ཁག་མཐའ་མཇུག་གི་དཔེ་དེབ་ཤོག་ངོས་སུ་འགོད་སྐབས། དགོན་པ་གཅིག་རང་ལ། རོབ་ཚོད་བྱས་ན་ཤོག་ངོས་ཉིས་སྟོང་མ་ཟིན་ཙམ་བྱུང་བས་ཅི་བྱེད་འདི་བྱེད་མེད་པར་གྱུར། དེ་ནས་བསམ་བློ་མང་བོ་བཏང་བས། ད་ལྟའི་སྒྲིག་སྟངས་དཔེར་ན། དགོན་པའི་མིང་། རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་། བཏབ་ཡུལ། རོང་བོ་རྒྱལ་ཐང་། འདེབས་མཁན། རོང་བོ་བླ་མ་བསམ་གཏན་རིན་ཆེན། བཏབ་ལོ། ༡༣༤༢ ཆོས་རྒྱུད། དགེ་ལུགས།
ཟུར་བརྗོད་མདོར་བསྡུས། བཅས་འདི་ལྟ་བུ་བསྒྲིགས་ཡོད་ཅིང་། ཟུར་བརྗོད་ཀྱི་ནང་དུ་དགོན་པ་དེའི་གལ་ཆེའི་དོན་ཆེན་ཁག་མདོར་བསྡུས་སུ་བྲིས་ཡོད། མཁས་པ་ཁག་གི་མཛད་རྣམ་མདོར་བསྡུས་སྒྲིག་སྟངས་ཀྱང་གོང་དང་འདྲ་མཚུངས་ཡིན། དཔེར་ན། མཚན། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། འཁྲུངས་ཡུལ། མདོ་སྨད་ཙོང་ཁ། འཁྲུངས་ལོ། ༡༣༥༧ འདས་ལོ། ༡༤༡༧ ཆོས་རྒྱུད། དགེ་ལུགས།
ཟུར་བརྗོད་མདོར་བསྡུས། འདི་ལྟ་བུ་བྲིས་ཡོད། འདིའི་བར་གྱི་དཀའ་རྙོག་ནི། སྔར་རེའུ་མིག་ཏུ་བཀོད་པ་ཡོངས་རྫོགས་ཚིག་འབྲུ་རེ་རེ་བཞིན་པར་བཤུས་བྱས་ཏེ་བཟོ་ལྟ་འདིའི་ཚུལ་དུ་སྒྲིག་ཡོངས་སྐབས་རྣམ་རིག་རྩེ་གཅིག་ཏུ་སྒྲིམ་ཐུབ་མ་ཐུབ་ལྟ་བུའི་བར་ནས་པར་བཤུ་རྒྱག་ས་ནོར་བ་དང་། པར་བཤུ་བརྒྱབས་ཟིན་པ་འགོད་ས་ནོར་བ། ཞུས་དག་གི་ལས་རོགས་རྣམ་པ་སུ་གཅིག་ཀྱང་དགོན་གྲངས་དང་མཁས་གྲངས་༢༤༠༠ ལྷག་ཡོད་པ་རྣམས་ཀྱི་ལོ་ཚིགས་དང་ས་གནས་སོགས་ལ་རྒྱུས་མངའ་མེད་སྟབས། གང་ནོར་བ་དང་གང་མ་ནོར་བ་སོ་སོར་དབྱེ་འབྱེད་བྱེད་རྒྱུ་དེ་ཆེས་དཀའ་རྙོག་ལྡན་པ་ཞིག་ཡིན། ད་དུང་མཁས་པ་ཞིག་གི་འདས་ལོ་མ་རྙེད་པའམ། ཡང་ན་ད་ལྟ་འཚོ་བཞུགས་བྱེད་ཀྱིན་ཡོད་མེད་མ་ངེས་པ་དག་ལ་དཔེ་ན། འདས་ལོ། མ་ངེས། འདི་ལྟ་བུ་བྲིས་ཡོད་ལ། གོ་དོན་ནི་གསོན་འདས་མ་ཤེས་པའི་དོན་ཡིན། ཁག་ཅིག་གིས་མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་མི་གསོན་པོ་འདས་པོའི་ནང་རྩིས་ཡོད་པའི་ཁྱབ་བསྒྲགས་བྱེད་བཞིན་པ་ལྟ་བུ་ནི། གལ་སྲིད་བཤད་ཀུན་སློང་ལ་སྐྱོན་མེད་ན་རེའུ་མིག་དང་དཀྱུས་ཡིག་གཉིས་མཉམ་བསྲེས་བྱས་པ་ལས་གོ་ནོར་ཐེབས་པ་ཞིག་ཡིན་ལ། ཆེད་མངག་ཁྱད་མཚར་བཟོ་འདོད་ཡོད་མཁན་རྣམས་ལ་སུ་ཞིག་གིས་ཚད་བཟུང་བྱེད།
བོད་ནང་དང་ཕྱི་རྒྱལ་ཁག་ཏུ་རྩོམ་པ་བོ་ཞིག་གིས་དཔེ་དེབ་ཅིག་བྲིས་ཚར་བའི་རྗེས་སུ་དཔེ་དེབ་དེའི་ཡིག་གཟུགས་དང་། དཔར་ངོས་ཇུས་འགོད་སོགས་ལས་འགན་གང་ཡང་མེད་ཀྱང་། ཕྲན་ལ་མི་དང་རྒྱུའི་ནུས་པ་མེད་པས་སྒྲོལ་མ་སྐྱབས་ལགས་ཀྱིས་དཔར་ངོས་ཨ་མ་ཇུས་འགོད་བྱས་པ་ནས། གླེགས་བམ་དྲུག་ཡོངས་རྫོགས་ཀྱི་དཔར་ངོས་རེ་རེ་བསྒྲིག་རྒྱུ་དང་། དེ་དག་གི་རྒྱབ་མཆན། དཀར་ཆག་བསྒྲིག་རྒྱུ་ལ་སོགས་པ་ང་རང་མི་གཅིག་ཁོ་ནས་བྱས་པ་ཡིན་པས། བར་མཚམས་ཤིག་ནས་དབང་བོ་རྣམ་ལྔ་ལ་ནུས་པ་མེད་པ་ལྟ་བུའི་ལྡབ་ལྡིབ་ཏུ་གྱུར་པ་སོགས་ལ་ཕྱིར་དྲན་བྱ་རྒྱུ་ཙམ་ཡང་སེམས་ཀྱིས་མི་བཟོད་པ་ཞིག་འདུག་ཅིང་། ལས་མཇུག་རྫོགས་ནས་ཡིག་ཚང་ལ་སྙན་གསན་ཞུས་སྐབས། དྷ་ས་དཔེ་མཛོད་ཁང་དུ་དཔར་སྐྲུན་བྱེད་རྒྱུ་ཡིན། དཔེ་མཛོད་ལ་འབྲེལ་བ་གྱིས་ཞེས་ལམ་སྟོན་ཕེབས། དཔེ་མཛོད་ལ་འབྲེལ་བ་ཞུས་སྐབས་འབྲེལ་ཡོད་ཀྱི་མི་སྣ་རེ་རེ་དང་ཐུག་ནས་འགྲེལ་བཤད་རྒྱག་རྒྱུ་དང་། ཁོང་རྣམ་པ་ཚོ་ལ་སེམས་ཀྱི་རྒྱུད་ཐག་གི་སྟེང་ནས་ལས་གཞི་འདི་ལ་དམིགས་བསལ་གྱིས་འབྲེལ་བ་དང་ཚོར་བ་གང་ཡང་མེད་སྟབས། གང་ཅིའི་ཐོག་སྟབས་བདེ་མེད་པའི་དཀའ་ངལ། མཐའ་མཇུག་དཔར་རྩ་ཁྱེར་ནས་ལྡི་ལིའི་དཔར་ཁང་དུ་བསྐྱལ་བ་དང་། དཔར་ཁང་གིས་དཔར་རྩའི་སྤྱིན་ཤོག་མ་བཟོས་བར་དུ་ལྟ་རྟོག་བྱ་རྒྱུ། ཕྱིར་ཨ་རི་བསྐྱོད་པའི་དུས་ཚོད་ཀྱིས་གཏུགས་ཡོང་གིན་ཡོད་སྟབས། དཔེ་དེབ་ཚར་ལྔ་སྔོན་ལ་གྲུབ་པ་བྱས་ཏེ་གོང་ས་མཆོག་ལ་དཔར་ཕུད་འབུལ་རྒྱུ་བྱས་ཀྱང་། དཔར་ཁང་ནས་དཔར་ཕུད་ཀྱི་དཔེ་དེབ་དག་ཚུར་ལེན་རྒྱུ་དང་། ལྡི་ལི་ནས་དྷ་སར་གཏོང་རྒྱུ་ལ་སོགས་པ་སྒེར་གྱི་གྲོགས་པོ་ཁག་ཅིག་གིས་བྱས་པ་ཁོ་ན་ཡིན་ལ། དཔེ་དེབ་རྣམས་དྷ་སར་སླེབས་པའི་ཞོགས་པ་དེར་འགྲུལ་འཁོར་འབབ་ཚིགས་ལ་སོང་ནས་བསྒུགས་པ་ཡིན། བར་མཚམས་ཤིག་ལ་འགྲུལ་འཁོར་སླེབས་སོང་། དེབ་ཚར་ལྔ་བོ་མཉམ་ཁྱེར་གྱིས་གནས་ཚང་དུ་སོང་། དཔེ་དེབ་ཚར་གཅིག་ཉལ་ཁྲིའི་ཐོག་བསྒྲིགས་ནས་བསམ་བློ་ཞིག་བཏང་སྐབས། གང་ནས་བྱུང་བ་མ་ཤེས་པའི་སྨྲེང་བ་ཞིག་གིས་ངུ་ཁ་ཤོར། རང་ཉིད་གཅིག་པུ་རྒྱུན་རིང་བོའི་བར་དུ་ངུས་པ་ཡིན། རྒྱུ་མཚན་ནི། ངས་ཅི་ཞིག་གི་དོན་ལ་འདི་འདྲའི་དཀའ་ལས་རྒྱག་གིན་ཡོད་པ་རེད་དམ། རང་ཉིད་ཀྱི་ཚེ་སྲོག་འཛད་པའི་ལས་ཀ་འདི་མགོ་ལ་གནམ་རྡིབ་པ་ལྟར་མཐའ་གཅིག་ཏུ་ངས་བསྒྲུབ་དགོས་པ་ཡིན་ནམ། འདི་ལྟར་མི་སྒེར་ཞིག་གིས་སྤྱི་དོན་ལ་ཤུགས་བརྒྱབས་པ་ངོས་འཛིན་བྱེད་ཐུབ་མཁན་དང་། ཆ་འཇོག་ངོ་སོ་སྟེར་མཁན་གྱི་མི་ག་ཚོད་ཡོད་དམ།
གང་ལྟར་དགོན་སྡེ་ཁག་གི་ལོ་རྒྱུས་དེ་མཇུག་བསྡུ་ས་རྒྱ་གར་ལྷོ་ཕྱོགས་སྒོ་མང་དཔེ་མཛོད་ཁང་ཡིན། སྐབས་དེར་བདག་གི་གྲོགས་མཆོག་རྩེ་ཁོག་པ་དགེ་བཤེས་དཀོན་མཆོག་རྒྱ་མཚོ་ལགས་སྒོ་མང་དཔེ་མཛོད་འགན་འཛིན་ཡིན་ལ། ཁོང་གིས་སྡོད་ས་དང་ཟ་འཐུང་སོགས་ཀྱི་མཐུན་རྐྱེན་ཆ་ཚང་སྦྱར་ཏེ་ཟླ་ངོ་གཉིས་ལྷག་ལ་དེ་རུ་ལས་ཀ་བྱས་པ་ཡིན། འོན་ཀྱང་ལས་ཀ་ལ་དཀའ་ལས་རྒྱག་རྒྱུ་མང་དྲགས་པའི་དབང་གིས་ལུས་ཀྱི་ཤུགས་ཟད་ཅིང་། དྲན་པ་ཉམས་པ་སོགས་ཀྱི་དཀའ་ངལ་ཡང་ཡང་འཕྲད། དེ་གའི་ས་གནས་ཀྱི་སྨན་ཁང་དུ་སོང་སྐབས་ཀྱང་ངལ་གསོ་རྒྱག་དགོས་པའི་ལམ་སྟོན་བྱས་པ་ནམ་རྒྱུན་གྱི་སྨན་པ་ཚོའི་བཤད་སྟངས་དང་གཅིག་མཚུངས་རེད། ཡིན་ནའང་ང་ལ་ངལ་གསོ་རྒྱག་པའི་དུས་ཚོད་མེད།
ངས་བདུན་ཕྲག་མང་བོའི་རིང་སྔར་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་དུམ་བུ་རེ་རེར་ཡིག་སྣོད་མི་འདྲ་བ་བཅུ་གྲངས་ཤིག་བཟོས་ཡོད་པ་རེ་རེ་བཞིན་ཚགས་ཇེ་དམ་དུ་བཏང་། མཐའ་མའི་ཞུས་དག་ཆ་ཚང་གྲུབ་སྟེ། མཚན་གུང་ཆུ་ཚོད་གསུམ་པའི་ཐོག་དུམ་བུ་རེ་རེ་མ་ནོར་བར་མཐུད་མཚམས་སྦྱར་བ་ཡིན། སྐབས་དེའི་དགའ་བ་ནི་ཚད་ལས་བརྒལ་བ་ཞིག་ཡིན་ལ། ངས་མཚན་མོ་དེར་དགོན་པའི་ལོ་རྒྱུས་ཡོངས་རྫོགས་མཇུག་འགྲུབ་ཀྱིན་ཡོད་པ་དགེ་བཤེས་ལགས་ཀྱིས་ཀྱང་ཤེས་ཀྱིན་ཡོད་སྟབས། ཁོང་ཡང་ང་དང་མཉམ་དུ་མཚན་མོའི་ཆུ་ཚོད་གསུམ་པ་བར་དུ་བསྡད་ནས་ང་ལ་ཇ་སྐོལ་བ་སོགས་ཀྱི་རོགས་པ་བྱས་པ་རེད། སྟབས་མ་ལེགས་པ་ཤིག་ལ་དགོན་པའི་ལོ་རྒྱུས་ཡོངས་རྫོགས་མཐུད་བརྒྱབ་པ་དཔར་གཞི་ཇུས་འགོད་བྱེད་ཆས་ཏེ། (page maker) ནང་དུ་བཏང་སྐབས། འདིའི་ནང་ཤོག་ངོས་ཆིག་སྟོང་ལས་ལྷག་འགྲོ་ཐུབ་ཀྱིན་མི་འདུག དེ་ནས་དགེ་བཤེས་ལགས་དང་ངེད་གཉིས་ཀྱིས་བསྐྱར་དུ་ཕབ་བཤུ་བྱས་པ་སོགས་ཀྱི་བར་ནས་ལེགས་གྲུབ་ཆ་ཚང་བྱུང་བའི་དགོན་སྡེའི་ལོ་རྒྱུས་ཡོངས་རྫོགས་ནག་གསུབ་ཏུ་བཏང་སོང་། དེ་ནས་དངངས་སྐྲག་གི་དབང་གིས་ཡར་གནོན་མར་གནོན་བྱས་པས། ཡོངས་རྫོགས་རྦད་དེ་བརླགས་སོང་། དགེ་བཤེས་ལགས་དང་ངེད་གཉིས་ཀྱིས་བརླག་ཟིན་པ་དེ་བསྐྱར་འཚོལ་བྱེད་མི་ཐུབ་པའི་ངེས་ཤེས་རྙེད་སྐབས། ངའི་སྙིང་ཡར་མིད་པའི་ནང་འཚངས་ཀྱིན་ཡོད་པ་ལྟ་བུའི་སྣང་བ་འཁོར་ཞིང་། མིག་ལམ་ཡོངས་རྫོགས་སེར་བོ་ཆགས། དགེ་བཤེས་ལགས་ཀྱི་ཞལ་རས་ཀྱང་གསལ་བོར་མཐོང་མི་ཐུབ་པར་གྱུར། ང་ས་ལ་འགྱེལ་གྲབས་བྱས། དགེ་བཤེས་ལགས་ཀྱིས་ཅུང་ཟད་ཅིག་གི་རིང་ང་བསྐྱོར་ནས་བསྡད་སོང་། དེ་ནས་ངས་གོམ་པ་ཞིག་རྒྱག་སྐབས་གོམ་འགྲོས་ཀྱང་མི་བརྟན། ལག་པ་རྩིག་ངོས་ལ་ཁེན་བཞིན་ཕྱི་ལོགས་སུ་སོང་། ཁང་བ་དང་ས་གཞི་ཡོད་ཚད་འཁོར་གྱིན་འདུག དེ་ལ་བརྟེན་ནས་མགོ་ཡུ་འཁོར། སྙིང་ཁམས་འཕར་ལྡིང་ཤུགས་ཆེ་དྲགས་པའི་དབང་གིས་དབུགས་གཏོང་ལེན་བྱེད་དཀའ་བར་གྱུར། རྐང་ལག་གི་རྩ་ལམ་རྣམས་སྦྲིད། དྲན་པ་འཐོར་གྲབས་ཡང་ཡང་བྱས། སྔོན་ཆད་སེམས་འཛིན་སྟངས་ལ་ཅུང་ཟད་སྦྱངས་མྱོང་ཡོད་པས། སེམས་ཀྱི་དྲན་པ་འཐོར་དུ་མ་བཅུག་པར་འཛིན་ཐུབ་པ་བྱུང་། དེའི་དབང་གིས་དྲན་མེད་དུ་མ་བརྒྱལ་ཙམ་བྱུང་། ག་ལེར་ཁྲུས་ཁང་ནང་དུ་སོང་ནས་ལུས་སྟེང་ལ་ཆུ་གྲང་མོ་གློད་པ་ཡིན། ཆུ་གྲང་མོ་མགོ་ཐོག་ཏུ་འབབ་བཅུག་པས་དུས་ཡུན་གང་འཚམ་གྱི་རྗེས་སུ་རྣམ་རིག་སླར་སོས་བྱུང་། དེའི་རྐྱེན་བྱས་ནས་བདག་གི་གཟུགས་པོའི་གཡོན་ཕྱོགས་ཀྱི་རྩ་རྣམས་ལ་སྦྲིད་སྐྱོན་ཤོར་བ་སླར་སོས་མ་བྱུང་བར་ལོ་རེར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་འདུག སྔོན་ཆད་གནས་ཚུལ་ཛ་དྲག་དང་འཕྲད་སྐབས་དྲན་པ་འཐོར་འགྲོ་བར་བཤད་པ་ལ་ཡིད་ཆེས་དེ་ཙམ་མེད་ཀྱང་། མཚན་མོ་དེར་རང་མྱོང་གི་སྟེང་ནས་ཡིད་ཆེས་རྙེད། ངས་དོན་དག་འདི་ད་བར་མི་གཞན་ལ་བཤད་མི་དགོས་པའི་འབད་བརྩོན་བྱེད་ཀྱིན་ཡོད། འོན་ཀྱང་དེ་རིང་ཁྱེད་རྣམ་པ་ཚོའི་དྲི་བ་འདི་དག་གིས་སྔར་བརྒྱུད་པའི་དཀའ་སྡུག་དག་དྲན་སོས་པར་བྱས་པས་འབྲི་ཐལ་ཤོར་སོང་བས་དགོངས་འགལ་མེད་པ་ཞུ། འདི་ནི་སྙིང་རྗེ་མེད་པའི་སྤྱི་ཚོགས་འདིའི་ཐོག་མི་ཞིག་གིས་ཡིད་ཆེས་ཤིག་གམ་དམ་ཚིག་ཅིག ཡང་ན་ལས་དབང་ཞིག་གི་སྟོབས་ཀྱིས་མྱངས་པའི་དཀའ་སྡུག་ཅིག་ཡིན་ལ། སྤྱང་གྲུང་མི་ལྡན་པའི་མི་ཁག་ཅིག་འདི་ལྟར་ཟད་འགྲོ་བཞིན་ཡོད།
དེའི་ཕྱི་ཉིན་དྷ་རམ་ས་ལར་ཡོད་པའི་གྲོགས་པོ་སྒྲོལ་མ་སྐྱབས་ལ་ཁ་པར་བཏང་སྟེ་བརླགས་ཟིན་པའི་ཡིག་ཆ་དེ་བསྐྱར་གསོ་བྱེད་ཐབས་ཡོད་མེད་དྲིས་པ་ཡིན། ཁོང་ལ་ངོ་ཤེས་རྒྱ་གར་བ་གློག་ཀླད་རིགས་གཅིག་རྐང་འཛིན་པ་མང་བོ་ཡོད་སྟབས་ཐབས་ཤེས་རྙེད་ཐུབ་པའི་རེ་བ་བྱས་པ་ཡིན། ཡུན་རིང་མ་འགོར་ཁོང་གིས་ཚུར་ཁ་པར་སླེབས་བྱུང་། ལྡི་ལིའི་ནེ་རུ་ཕལའེ་སིར་ཁྱེར་ན་བསྐྱར་གསོ་བྱེད་ཐུབ་པའི་ཁག་ཐེག་བྱེད་ཀྱིན་འདུག ཤོག་ངོས་གཅིག་གཉིས་དང་བཅུ་གྲངས་ལ་ཁྱད་པར་མེད་པར། ཧིན་སྒོར་སུམ་ཁྲི་ཉིས་སྟོང་ཙམ་ནས་མགོ་འཛུགས་ཀྱིན་འདུག ཁྱེད་ཀྱི་ཡིག་ཆ་དེ་ཤོག་ངོས་ཆིག་སྟོང་ལས་བརྒལ་ཡོད་སྟབས། ཕལ་ཆེར་ཧིན་སྒོར་ཉིས་འབུམ་ལྷག་འགྲོ་སྲིད་པ་རེད་ཅེས་བཤད་སོང་། ལོ་མང་དཀའ་ལས་བརྒྱབས་པའི་ཡིག་ཆ་བརླགས་པ་ལ་ཕངས་སེམས་ཅི་བས་ཆེ་ཡང་། གཅིག་ནས་ལྡི་ལིར་འགྲོ་རྒྱུར་དུས་ཚོད་ཀྱིས་འདང་གིན་མེད་པ་དང་། གཉིས་ནས་ང་ལ་ཧིན་སྒོར་འབུམ་གཉིས་གསུམ་སྤྲོད་རྒྱུ་ཞིག་གང་ན་ཡོད། དེ་ནས་སེམས་པ་རྦད་དེ་ཤི་སོང་། ཉིན་ཁ་ཤས་ལ་དགོན་པའི་ལོ་རྒྱུས་ལ་བསྐྱར་དུ་ལག་པ་འཆང་རྒྱུའི་འདུན་པ་མ་བྱུང་། ཕྱིས་དགོན་པའི་ལོ་རྒྱུས་དུམ་ཚན་ཁག་ཅིག་ལྷག་འདུག་པ་ལ་བསྐྱར་དུ་ཞུས་དག་གཏོང་རྒྱུ་དང་། བོར་བརླག་ཏུ་སོང་བའི་ལས་གཞི་གཏོས་ཆེ་བ་དག་བསྐྱར་དུ་བསྒྲིགས་རྒྱུ་སོགས་ཆེས་མི་འདོད་ཅིང་དཀའ་ངལ་ལྡན་པའི་ལས་ཀ་ཡོངས་རྫོགས་བསྐྱར་དུ་བྱེད་དགོས་བྱུང་སོང་། དོན་དག་འདི་ནི་དགོན་སྡེ་ཁག་གི་ལོ་རྒྱུས་འཁྲུག་དགོས་པའི་འགལ་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར།
མདོ་སྨད་ལོ་རྒྱུས་ཆེན་མོ་དཔར་སྐྲུན་བྱས་རྗེས་ཀྱི་ལོ་ངོ་ལྔའི་ནང་ནོར་འཕྱུག་འདིའི་སྐོར་གཙོ་བོར་གླེང་མཁན་ནི། མང་ར་ཕྱོགས་ཏེ་དེང་སང་ཀོས་ནན་རྫོང་ཁོངས་སུ་གནས་པའི་སྐྱ་སེར་ཤེས་ཡོན་ཅན་མི་ཉུང་བ་ཞིག་འདུག་ཅིང་། ཁོང་རྣམ་པ་ཚོ་ས་གནས་དེའི་མི་ཡིན་སྟབས་རྒྱུས་མངའ་ཆེ་ཤོས་ཡིན་དགོས་ལ། བརྒྱུད་ལམ་ཁག་ཏུ་བདག་ལ་འབྲེལ་གཏུགས་དང་དོག་འདྲི། ཡང་ན་མཚང་འབྲུ་དང་བཀའ་བཀྱོན་དྲག་པོ་གནང་མཁན་ཁག་ཅིག་རྒྱུན་མར་ཡོང་གིན་འདུག་ཀྱང་། ངས་ཁོང་ཚོར་ནོར་སོང་བ་དེ་ནོར་བ་རེད། ལོ་ཚིགས་དང་ས་ཆ་འཇོག་ས་འཁྲུག་པ་དེ་རིགས་ང་ཚོས་བགྲོ་གླེང་བྱས་ནས་ཇེ་གསལ་དུ་འགྲོ་རྒྱུ་མེད། ལྟ་གྲུབ་དང་གཞུང་ལུགས་ཀྱི་དཀའ་གནད་ཡིན་ན་བགྲོ་གླེང་བྱས་པས་གོ་རིག་ཇེ་གསལ་དུ་འགྲོ་རྒྱུ་ཡོད་ཀྱང་། འདི་ནི་ལྟ་གྲུབ་ཀྱི་གནས་སྟངས་དང་མི་འདྲ་བར། དཔེར་ན་དགོན་པ་ཞིག་གི་བཏབ་ལོ་༡༨༥༠ ཐོབ་ས་ཞིག་ལ་༡༨༥༥ བྲིས་ཐལ་ཤོར་ཡོད་ན་དེ་ཉིད་༡༨༥༠ རང་ལ་འཆོས་པ་ལས་གཞན་ཐབས་ལམ་གང་ཡང་མེད། དེས་ན་མང་ར་གཅིག་རང་མ་ཡིན་པར། དེ་མཚུངས་ཀྱི་ནོར་འཕྱུག་གི་སྐྱོན་བྱུང་ཡོད་ན། ཐོག་མར་ནོར་བ་དེ་ངོས་བཟུང་། དེ་ནས་ནོར་མེད་པའི་ལོ་ཚིགས་དང་ས་གནས་ཀྱི་མིང་སོགས་མཁོ་སྒྲུབ་བྱེད་ཐུབ་པ་ཡིན་ན། དཔར་ཐེངས་རྗེས་མའམ་ཡང་ན་དྲ་ཐོག་ཏུ་འཇོག་སྐབས་སྔར་ལས་ནོར་འཕྱུག་ཉུང་བའི་དགེ་མཚན་ཡོད་པ་རེད་ཅེས་འབོད་བསྐུལ་ཞུ་བཞིན་ཡོད། རྒྱུ་མཚན་མང་བོ་ཞིག་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་བརྩམས་གྲུབ་པ་ནས་ད་ལྟའི་བར་ཡང་བསྐྱར་ལག་པ་འཆང་འདོད་མ་བྱུང་། ཉེ་ལམ་ཆེད་དུ་མངགས་ནས་མང་ར་རྫོང་ཁོངས་ཀྱི་དགོན་སྡེ་ཁག་ལ་བསྐྱར་ཞིབ་ཐེངས་གཅིག་བྱས་སྐབས། ཁོང་རྣམ་པས་བསམ་འཆར་དང་བཀའ་བཀྱོན་གནང་བ་ལ་ཁག་མི་འདུག་པ་གཞི་ནས་ཤེས་བྱུང་། རྫོང་འདིའི་ཁོངས་ཀྱི་དགོན་སྡེ་ཁག་གི་མིང་དང་བཏབ་ལོ་སོགས་འཁྲུགས་པ་ནི་ངོ་མ་འགོད་ཁ་ཤོར་དགོས་པ་ལྟ་བུ་ཞིག་འདུག བསམ་གྱིན་བསམ་གྱིན་བསམ་ངོར་ཤོང་མི་ཐུབ་པ་ཞིག་རེད། རྦད་དེ་ཆེད་མངག་དཀྲུགས་ན་མ་གཏོགས་འདི་འདྲ་ཇི་ལྟར་འཁྲུགས་པ་ཡིན་མིན་ལ་ཚོད་དཔག་བྱེད་མི་ཐུབ་པ་ཞིག་འདུག དེའི་ཉེ་འཁོར་གྱི་ཁྲི་ཀ་སོགས་ཀྱང་དེ་དང་གཅིག་མཚུངས་འཁྲུགས་ཡོད་མེད་ལ་ཞིབ་འཇུག་བྱས་སྐབས། སྤྱིར་བཏང་གི་ཡིག་ནོར་དོན་ནོར་ཁ་ཤས་ཡོད་པ་ལས་མང་རྫོང་གི་དགོན་སྡེ་ཁག་འཁྲུག་པ་ལྟ་བུའི་འཁྲུགས་ཚབས་ཆེན་པོ་གཞན་མེད་པ་འདྲ། ད་ལྟ་མང་རྫོང་གི་དགོན་སྡེ་ཁག་ལ་ཞུས་དག་ཚད་ལྡན་བྱས་ཟིན་ཅིང་། དགོན་སྡེ་གཞན་པ་ཁག་ལའང་བསྐྱར་ཞིབ་འགྲོ་བཞིན་པ་ཡིན། བསྐྱར་ཞིབ་གྲུབ་ཚར་མ་ཐག་འཕྲུལ་དེབ་བཟོས་ཏེ་བོད་ཕྱི་ནང་ལ་འགྲེམས་རྩིས་ཡོད།
ལོ་རྒྱུས་ཀྱི་ལས་གཞིན་འདི་སྒྲུབ་བཞིན་པའི་སྐབས་སུ་བདག་གི་ཁྱིམ་ཚང་ཨ་རིར་གནས་སྤོ་བྱས་པ་ཡིན། འོན་ཀྱང་ཨ་རིའི་ནང་དུ་ལས་རོགས་འཚོལ་རྒྱུ་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་ཏེ། ནམ་རྒྱུན་གྱི་ཟླ་བ་རེ་ལ་ཧིན་སྒོར་སུམ་སྟོང་བཞི་སྟོང་གི་གླ་ཆ་སྤྲད་ན་ཉིན་གཅིག་ལ་ལས་རོགས་བྱེད་མཁན་ཀྱང་རག་ཁག་པོ་ཡིན་ལ། ཨ་རིའི་ཡོང་འབབ་དང་མཉམ་པའི་གླ་ཆ་སྤྲོད་རྒྱུ་ང་ལ་ག་ནས་ཡོད། དེའི་དབང་གིས་ལས་གཞི་འདི་ཚར་ཚར་བར་དུ་ལོ་རེའི་དུས་ཚོད་མང་ཤོས་རྒྱ་གར་དུ་གཏོང་དགོས་བྱུང་ཡོད། དེ་འདྲའི་ལོ་ངོ་མང་བོ་ཞིག་གི་དུས་ཚོད་ཕལ་ཆེར་ལོ་རྒྱུས་ཀྱི་ལས་གཞི་འདི་གཅིག་རང་གི་ཐོག་ལ་བཏང་བས། བདག་གི་བཟའ་ཟླ་དང་བྱིས་པ་ཚོ་ལ་མཁོ་བའི་ལས་ཀ་གང་ཡང་བྱེད་མ་ཐུབ་ཅིང་། ད་སྐབས་ཀྱང་བྱིས་པ་ཚོ་རླུང་ལངས་པའི་སྐབས་སུ་འདས་པའི་ལོ་ངོ་དེ་དག་གི་རིང་ལ་ཁོང་ཚོར་བདག་སྐྱོང་བྱ་མ་ཐུབ་པ་དེ་ལ་འཁར་ར་དང་འཁོན་འཛིན་ཆེན་པོ་བྱེད་ཀྱིན་འདུག
གོང་དུ་བཤད་པའི་སྐད་ཆ་དེ་དག་ཆོས་ལུགས་ལ་དོ་སྣང་མེད་མཁན་ནུབ་ཕྱོགས་ཀྱི་ཤེས་ཡོན་ཅན་ཞིག་ལ་ཟུར་ཙམ་བསྟན་ཀྱང་ཤེས་རྟོགས་ཆ་ཚང་ཐུབ་ངེས་ཡིན་མོད། ང་ཚོའི་ཤེས་ཡོན་ཅན་དང་ཆོས་ལུགས་པ་མང་བོ་ཞིག་ལ་ནམ་ཡང་ར་སྤྲོད་བྱེད་ཐུབ་པ་མིན། དེང་སྐབས་ང་ཚོའི་སྤྱི་ཚོགས་འདི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར། མི་རྣམས་ཀྱི་བསམ་བློ་གུ་ཇེ་ཡངས་སུ་འགྲོ་བཞིན་པ་དང་། དགེ་སྐྱོན་སོགས་ཕྱོགས་ཡོངས་ལ་ལྟ་ཐུབ་ཀྱིན་ཡོད་ཟེར། སྐད་ཆ་དེ་དག་བདེན་པ་ཡིན་པའི་རེ་བ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། འདིར་མཁྱེན་ལྡན་གྱི་སྤུན་གྲོགས་རྣམས་ལ་དྲན་བསྐུལ་ཞིག་ཞུ་རྒྱུ་ཡིན།
༡། སྤྱི་ལོ་༢༠༠༢ ལོར་དུང་དཀར་ཚིག་མཛོད་ཆེན་མོ་དཔར་སྐྲུན་བྱས་པ་རེད། ཚིག་མཛོད་དེ་མཁས་དབང་དུང་དཀར་རིན་པོ་ཆེས་སྤྱི་ལོ་༡༩༦༠ ལོ་ནས་རྩོམ་སྒྲིག་བྱེད་མགོ་བརྩམས་ཏེ། སྤྱི་ལོ་༡༩༩༥ བར་གྱི་ལོ་ངོ་༣༥ རིང་རྩོམ་སྒྲིག་གནང་བ་ཞིག་ཡིན་ལ། སྤྱི་ལོ་༡༩༨༨ ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་འཆར་གཞིའི་ནང་བཞག་སྟེ། ལས་ཀ་བྱེད་མཁན་གྱི་ཆེད་ལས་མི་སྣ་དང་། ཡིག་ཆ་མཁོ་སྒྲུབ་བྱེད་མཁན་གྱི་དཔེ་མཛོད་དང་ལས་ཁུང་། གཞུང་གི་གྲོན་དངུལ་འབོར་ཆེན་བཏང་བ་བཅས། འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་རྒྱལ་ཁབ་ཅིག་གི་རྒྱལ་ཁབ་རིམ་པའི་ལས་གཞིའི་ཁོངས་བཞག་སྟེ་བསྒྲུབས་པ་ཞིག་ཡིན་ཀྱང་། ད་དུང་དེའི་ནང་དུ་སྐྱོན་དང་ནོར་འཁྲུལ་ཅི་ཙམ་ཡོད་མེད་ནི། ང་ཚོ་ཚང་མས་ཤེས་གསལ་ཡིན། འདི་ལ་དགོངས་པ་ཞིག་བཞེས་པའི་རེ་བ་ཡོད།
༢། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དེ་ཡང་ལོ་ངོ་༣༣ གྱི་དུས་ཚོད་བཏང་ནས་བརྩམས་པ་ཞིག་ཡིན། སྐབས་དེར་ས་གནས་ལ་སོང་ནས་གནས་བབ་བརྩད་གཅོད་བྱེད་པ་དང་། དཔྱད་གཞིའི་ཡིག་ཆ་འཚོལ་རྒྱུ་ལ་བཀག་འགོག་ཅི་ཡང་མེད་པའི་བསྐལ་བཟང་གི་དུས་ཚོད་ཡིན་པ་དང་། ཁོང་ཉིད་དབང་ལུང་བཀའ་ཆོས་གནང་མཁན་གྱི་བླ་སྤྲུལ་གལ་ཆེན་ཡིན་པས། རྣམ་དཔྱོད་དང་སྦྱངས་སྟོབས་ལྡན་པའི་བུ་སློབ་མང་བོ་བཀོལ་ཆོག་ཆོག་གི་མཐུན་རྐྱེན་ཡོད་པའང་ང་ཚོས་མི་དྲན་ཐབས་མེད་ཡིན།
༣། མདོ་སྨད་ལོ་རྒྱུས་ཆེན་མོའི་སྔོན་གླེང་དབྱིན་ཡིག་ཏུ་བསྒྱུར་ནས། དབྱིན་ཡུལ་གྱི་རྩོམ་པ་བོ་(ན་མ་རྩོམ་པ་བོ)བོ་(Kate Karko)ལགས་ལ་ཞུས་དག་ཚར་གཅིག་གཏོང་བའི་རེ་བསྐུལ་ཞུས་པ་ཡིན། ཁོང་མོས་གླེང་བརྗོད་དེ་ཀློག་གིན་ཀློག་གིན་ཞལ་རས་ཀྱི་མདངས་འགྱུར། བར་མཚམས་ཤིག་ལ་ངུས་སོང་། རྒྱུན་རིང་ཙམ་ལ་ངུས་སོང་། ཁོང་མོས་གསུང་རྒྱུར། འཇིགས་མེད་ཁྱེད་ཀྱིས་འདི་འདྲའི་བློས་བཏང་མང་བོ་ཞིག་བྱས། འདི་འདྲའི་དཀའ་ལས་མང་བོ་ཞིག་བརྒྱབས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་པ་རེད། དངོས་གནས་ཁྱེད་ཀྱིས་རང་ཉིད་དམན་སར་འཛིན་རྒྱུ་དང་ཁེངས་སྐྱུང་བྱེད་རྒྱུ་མང་དྲགས་འདུག་ཅེས་བཤད་སོང་།
ཉེ་ཆར་མཁས་པ་སྐུ་ཞབས་དགེ་འདུན་རབ་གསལ་ཀྱིས་ཁ་པར་ཞིག་སླེབས་སོང་། ངས་མདོ་སྨད་ལོ་རྒྱུས་ཆེན་མོ་ཀློག་མགོ་བཙུགས་ཡོད། སྔོན་གླེང་བཀླགས་ནས་སེམས་ལ་ཅིག་བྱས་སོང་ཞེས་གསུངས་བྱུང་། མདོ་དོན་གོང་གི་གནད་དོན་དེ་དག་ལ་བསམ་བློ་གཏོང་ཐུབ་པ་ཡིན་ན། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་ལས་གཞི་ཧ་ཅང་རྒྱ་ཆེ་ཞིང་། རྩོམ་སྒྲིག་གི་དུས་ཡུན་ཐུང་བ། མི་དང་རྒྱུའི་ཆ་རྐྱེན་འཛོམས་པོ་མེད་པ་བཅས་ཀྱི་དབང་གིས། འཐུས་སྒོ་མ་ཚང་བ་དང་། དགོན་སྡེ་དང་མི་སྣ་ཁག་ཅིག་གི་ལོ་ཚིགས་གང་འཚམ་ཞིག་འཁྲུག་པ་ལ་ཞུས་དག་གནད་སྨིན་བྱེད་རྒྱུ་མ་ལྕོགས་པ་བཅས་ལ་བསམ་བློ་གཏོང་ཐུབ་པའི་རེ་བ་ཡོད། ཁྱད་པར་དུ་སྔོན་གླེང་གི་ནང་དུ་གསལ་ཞིང་གསལ་བོར་བཤད་པ་ལྟར། ངས་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་སྐྱོན་ཀུན་བྲལ་དང་། ཡོན་ཏན་ཀུན་རྫོགས་ཀྱི་ལོ་རྒྱུས་ཤིག་ཡིན་ཞེས་བཤད་མེད་ལ། དེ་ལྟར་བཤད་པའི་སྤོབས་པ་ཡང་མེད། འོན་ཀྱང་ལོ་རྒྱུས་ཀྱི་མཛོད་ཆེན་པོ་འདི་ལ་ཕྱོགས་མང་བོ་ནས་རིན་ཐང་མི་དམན་པ་ཡོད་པ་དེ་སུས་ཀྱང་ནག་གསུབ་གཏོང་མི་ཐུབ་པའི་ཡིད་ཆེས་ཡོད།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས། རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི་བོད་མདོ་སྨད་དུ་སྐྱེས་ཤིང་། ད་བར་དུ་རྩོམ་སྒྲིག་དང་ཞིབ་འཇུག་གི་ཕྱག་ལས་ལོ་མང་གནང་མྱོང་ཡོད་པ་མ་ཟད་བོད་ཡིག་ཐོག་བརྩམས་ཆོས་བཅུ་གྲངས་ལྷག་དཔར་དུ་བཏབས་ཡོད། ལོ་འགའི་སྔོན་དུ་ “མདོ་སྨད་ལོ་རྒྱུས་ཆེན་མོ་” ཟེར་བའི་དེབ་ཕྲེང་དྲུག་གི་བདག་ཉིད་ཅན་ཞིག་ཀྱང་བརྩམས། ད་ལྟ་ཁོང་ཉིད་ཨ་རིར་བཞུགས་ཡོད།
རྩོམ་འདིའི་ནང་མཆན་ 10 བཀོད་འདུག
ཀླུ་སྨྱོན་ ནས།
09/04/2014 ལ། 4:04 am
ཁྱེད་ཀྱི་རྔུལ་ཆུ་རྡོག་པོ་རེ་རེའི་ནང་། ། མདོ་སྨད་ཚང་གི་རྣམ་ཤེས་རེ་རེ་ཡོད། ། མདོ་སྨད་ལོ་རྒྱུས་ཡིག་ཕྲེང་རེ་རེའི་ནང་། ། བོད་པ་ཚང་གི་གཏམ་རྒྱུད་རེ་རེ་ཡོད། །
སྐལ་བཟང་ལྷ་མོ་ ནས།
09/04/2014 ལ། 10:04 am
I am reading the article at the work place, that why i can’t write the comment in Tibetan, really sorry for that. Here are some word for Hutzang Jigmey: I am really sorry that your wife and the children left you because of lack of time for the family while writing the history of Amdo as you mentioned in your interview.On behalf of your wife and children( of course i don’t know anyone of them and you too.) I would like to say “sorry”. I am really wishing to find a husband like you in my life and ready to fully support him , if he is going to do such an honorable work for our motherland.
ཕུར་པ་སྐྱབས་ ནས།
09/04/2014 ལ། 10:44 am
ཅི་བཤད་ཀྱང་རུང་། ཁྱོད་ཀྱིས་ཀྱང་ངོས་ལེན་བྱས་འདུག་པ་སྟེ། མང་པོ་ཞིག་ནོར་སོང་བ་ནི་མངོན་གསལ་རེད། དེའི་མ་ིཚད་དགོན་པ་གྲགས་ཅན་དང་རྒྱུ་ཆ་ཤིན་ཏུ་འཚོལ་བ་སླ་བ་འགའ་ཞིག་སྣང་མེད་དུ་བཞག་འདུག་པའང་མངོན་གསལ་རེད། ཁྱོད་ཀྱི་སྐད་ཆ་འདིའི་དམིགས་ཡུལ་ཅི་ཞིག་ཡིན་པའང་གནད་འདི་དང་འབྲེལ་བ་ཡོད་པ་ཤེས་ཀྱི་འདུག
མཁས་གྲུབ་ ནས།
09/04/2014 ལ། 2:27 pm
ཆ་ཚང་བཀླགས་ཡོད། སྐུ་ཉིད་ཀྱིས་ངོ་མ་དཀའ་ལས་བརྒྱབ་འདུག བློས་བཏང་བྱས་འདུག གྲུབ་འབྲས་ཐོན་འདུག སྐུ་ཞབས་ལགས། བཅར་འདྲི་འདི་ཀློག་ཚར་དུས་ངའི་སེམས་ལ་དགའ་སྐྱོ་ཟུང་གི་ཚོར་བ་ཞིག་བསླེབས་ཏེ་ངུས་པ་ཡིན། ངའི་སེམས་ངོ་ན། ཁྱེད་ནི་རང་ཚུགས་དང་དྲང་ཚུགས་བརྟན་པའི་སྐྱེས་བུ་ཞིག་ཡིན། ཁྱེད་སྨོན་ནས་ཡོད། ཁྱེད་ལ་གུས་བརྩི་ཞུ་བཞིན་ཡོད། སྐུ་ཞབས་ལགས་བཀའ་དྲིན་ཆེ།
དོན་མཚོ་ ནས།
09/04/2014 ལ། 5:42 pm
ངོ་མ་ཡིད་འགུལ་ཐེབས་སོང ཨ་མདོའི་མི་ལ་ཤེས་རློམ་ཆེ་ཞིང་ང་རྒྱལ་ཆེ གཞན་གྱི་དཀའ་ངལ་ལ་བསམ་ཤེས་མེད ངའི་ལྟ་བ་ཡིན་ཞེས་སྐད་ཆ་སྦོམ་པོ་བཤད་རྒྱུ་དགའ སྤྱིར་ང་་ནི་བཙན་བྱོལ་ཡོང་ནས་བོད་ཀྱི་མི་རིགས་འདིའི་བྱ་སྤྱོད་ལ་ཞེན་པ་ལོག་སོང ལྷག་ཏུ་ཨ་མདོ་བ་དེ་ཚོ་་་་་་ ལས་ཀ་ཅི་ཡང་མི་འཇོན་་་་ ད་བཤད་ནས་གང་ཡོང་་་ ཧོར་འཇིགས་ལགས་ལ་དུས་ཀུན་ཏུ་རྒྱབ་སྐྱོར་དང་གཙི་བཀུར་ཆེན་པོ་ཡོད་་་་་ སྒེར་གྱི་འབྲེལ་བ་ནི་མཐོང་ན་ཕར་ངོ་ཤེས་པ་ཙམ་ཡིན ཡིན་ནའང ངས་གུས་ཞབས་ཞུ་ས་ནོར་མེད བྱ་བ་ལམ་འགྲོ་ཡོང་ཁ་གཡང་ཙམ་དང་སྐུ་གཟུགས་བདེ་ཐང་ལ་ཡིད་གནང་བའི་རེ་སྐུལ་ཙམ་ལས་ཞུ་ཕོད་པ་གང་ཡང་མེད བདེ་མོ
རིག་འབྱུང་དོན་གྲུབ་བཀྲ་ཤིས་ ནས།
09/04/2014 ལ། 5:47 pm
མི་སྒེར་བ་ཞིག་གིས་དཀའ་ལས་འདི་འདྲ་ཞིག་བརྒྱབ་པར་ང་ཚོས་བརྩི་བཀུར་དང་རྗེས་སུ་ཡི་རངས་ཞུ་འོས།
མིང་མེད་ ནས།
09/04/2014 ལ། 7:31 pm
དཔེ་དེབ་དང་པོ་ཞིབ་མཇལ་བྱུང་། དཔྱད་པ་གནད་དུ་འཁེལ་འདུག། གླེགས་བམ་གཞན་རྣམས་བཀླགས་མེད། ཡིན་ནང་།བོད་ནས་སློབ་བུ་ཞིག་གི་རེ་སྐུལ་ལྟར་ རྡ་ས་ནས་་ཨ་རིར་བླངས་ཏེ་ཁོང་ལ་བསྐུར་བ་ཡིན།
ང་རང་གི་བསམ་ཚུལ་ཡིན་ན་མདོ་སྨད་ཀྱི་ལོ་རྒྱུས་ཧྲིལ་བོ་མི་གཅིག་གིས་རྩོམ་གནང་ཟེར་བ་ནི་མི་སྲིད་པའི་སྐད་ཆ་ཞིག་ཡིན་པས་ ཉིད་ཀྱི་ལོ་རྒྱུས་གླེགས་བམ་སྐོར་ལ་བསམ་ཚུལ་འདྲ་མིན་སླེབས་པ་ནི་རྒྱུན་ལྡན་ཞིག་རེད། དེ་ཡང་དགའ་བ་སྒོམ་དགོས་པ་ཞིག་ནི་དཔེ་དེབ་ཐོན་རྗེས་ཚ་ཚ་འུར་འུར་ངང་གླེང་སློང་བྱུང་བ་ནི་ཁྱེད་ཀྱི་དཀའ་ལས་གང་བརྒྱབ་པ་དེ་རྒྱ་མཚོའི་ནང་རྡོ་ལྷུང་བ་ལྟར་མ་ཡིན་པར་ནམ་མཁའ་ལ་མེ་མདའ་བརྒྱབ་པ་ལྟ་བུའི་སྐད་གྲགས་བྱུང་བ་དེ་རེད། ང་ཡང་ནེའུ་ལ་སྡོད་མཁན་ བུ་གཉིས་ཀྱི་ཕ་ཡིན་པས་ ཁྱེད་ཀྱིས་དཀའ་ལས་གང་བརྒྱབ་པ་གོ་སོང་ ངོ་སོ་ཡར་ལ་བསྟོད། གཟུགས་པོ་ལ་བཅག་པོ་གནང་རོགས།
དོན་འགྲུབ་ ནས།
10/04/2014 ལ། 4:48 am
བཅར་འདྲི་འདི་ཀློག་གིན་ང་ངུ་ཤོར་སོང་། བདེན་པ་རེད། ང་ཚོས་ནམ་རྒྱུན་བྱམས་སྙིང་རྗེ་ཅན་གྱི་མི་རིགས་ཤིག་ཡིན་སྐེ་སྦོམ་སྦོམ་བྱེད་ན་ཡང་། ང་ཚོ་སྤྱི་ཚོགས་ནི་ད་དུང་འདི་ལྟར། བཟང་བོར་བཟང་ངོ་མི་ཤེས་ཤིང་། དྲིན་ལ་དྲིན་དུ་མི་ཤེས་པར། ཕྲག་དོག་དང་། ཕྱོགས་ཞེན་གྱི་ངར་ཁ་ཧ་ཅང་རྒོད་པའི་སྤྱི་ཚོགས་ཤིག་ཡིན། ཐུགས་རྗེ་ཆེ། ཧོར་འཇིགས་ལགས། ཁྱོད་ནི་ནམ་ཡང་ངའི་སེམས་སྟེང་གི་བུ་རྒོད་ཡིན།
མིང་མེད་ ནས།
10/04/2014 ལ། 5:36 pm
ཁོང་ནི་འོ་མ་དཀྲོགས་ནས་ཞིམ་མར་ལེན་རྒྱུ་ཡོད་པའི་གྲས་ཡིན་པས། ཀློག་མཁན་གྱིས་ཁོང་གིས་གསུང་འབུམ་སྐོར་ལ་སྐྱོན་འདོན་དང་ཁ་རྡུང་གཏོང་བ་སོགས་རྣམ་དཔྱོད་ཆེར་བསྐྱེད་ཀྱི་མཐུན་རྐྱེན་དུ་འགྲོ་བའི་རེ་བ་ཡོད།
ཧོར་གཙང་འཇིགས་མེད་ ནས།
10/04/2014 ལ། 8:02 pm
བཀུར་འོས་ཕུར་བ་སྐྱབས་ལགས། དགོན་སྡེའི་ལོ་རྒྱུས་སྤྱི་དང་། ལྷག་པར་མང་ར་རྫོང་ཁོངས་ཀྱི་དགོན་སྡེའི་ལོ་རྒྱུས་འཁྲུགས་ཚབས་ཆེན་པོ་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེའི་ཐོག་ལ་བཀའ་བཀྱོན་བཏང་ན་སེམས་ཁམས་ཇེ་སྐྱིད་ལ་འགྲོ་ན་མུ་མཐུད་ནས་བཀའ་བཀྱོན་གཏོང་རོགས་གནང་། ཡིན་ནའང་དགོན་པ་ཆེན་པོ་དག་གི་ལོ་རྒྱུས་ལ་སྣང་མེད་བྱས་པར་གསུངས་པ་ལ་ངོས་ལེན་ཞུ་ཐབས་མི་འདུག ཞུས་དག་སོགས་ཕྱོགས་འགའ་རེ་ནས་ནོར་འཕྲུག་ཤོར་བ་དེ་འདྲའི་རིགས་བྱུང་སོང་བ་དེ་བྱུང་བ་རེད་མ་གཏོགས། སྣང་མེད་བྱས་པའི་ཉེས་སྐྱོན་བཀལ་ན་བདེན་པ་མ་རེད། དགོན་པ་ཆེ་ཆུང་ཙམ་མ་ཡིན་པར། དཔེ་དེབ་དེ་དག་གི་ནང་གི་ཡིག་རྡོག་གཅིག་ནོར་ནའང་ང་རང་གི་ལས་འགན་མ་འགྲུབ་པ་ཞིག་ལ་ངོས་ལེན་བྱས་ཏེ་སེམས་པ་མ་སྐྱིད་པ་ཡོང་གིན་འདུག དེ་ལ་གལ་ཆེ་ཆུང་དང་སྣང་ཆེན་སྣང་མེད་བྱེད་ག་ལ་སྲིད། ང་ལ་དགའ་གུས་བྱེད་དགོས་པ་དང་། ང་ལ་མཐོང་ཆེན་གནང་རྒྱུ་དེ་ཁྱེད་ཀྱི་ལས་ཀ་མ་ཡིན་པ་ངས་ལོས་ཤེས། ཡིན་ནའང་ང་ཚོ་ཚང་མ་འགྲོ་བ་མིའི་ཞིག་ཡིན་པའི་ཆ་ནས་བདེན་དོན་ལ་ཁྱད་གསོད་མི་གནང་རྒྱུ་དེ་གལ་ཞེན་རེད་འདོད།
Comments